མཁས་པའི་བྱ་བ་ཀུན་གྱི་རྩལ་རྫོགས་པའི།། བཙུན་པའི་ཁྲིམས་ལ་སྐྱོན་གྱིས་མ་གོས་པ།།
བཟང་པོའི་འཕྲིན་ལས་མངའ་པའི་ཉི་མ་ཁྱེད།། གསེར་གྱི་རི་ལྟར་དུས་ཀུན་རྒྱལ་གྱུར་ཅིག །
གང་ཉིད་ཀྱི་སློབ་འབངས་སུ་གཏོགས་པ་སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་དང་༧ཡང་སྟོན་གདན་ས་བསམ་གླིང་དགོན་གྱི་དབུ་བླ་ཤེས་རབ་བསྟན་འཛིན་མཆོག དེ་བཞིན་དོལ་པོ་གསལ་ཐང་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་དང་ཤེལ་གནས་དུས་ཆེན་གོ་སྒྲིག་ཚོགས་པའི་ཚོགས་གཙོ་སྐུ་ངོ་ཟླ་བ་བསམ་འགྲུབ་སོགས་གཙོས་པའི་དད་ལྡན་མང་པོས་ཡང་ཡང་བསྐུལ་ངོར་མགོན་པོ་མཆོག་ནས་ཞལ་བཞེས་ཀྱི་སྐལ་བཟང་ཐོབ་པ་དང་སྟབས་བསྟུན་ཕྱི་ལོ་༢༠༢༤/༠༧/༢༨ ཉིན་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་སྐུ་འཁོར་དང་བཅས་ཕེབས་ཐོན་གནང་སྟེ་རྒྱལ་ས་ལྡི་ལིར་འབྱོར། དེ་རྗེས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་གྲུབ་ཀྱིས་དེར་བལ་པོ་བ་Dilli Pandey མཆོག་གིས་ཐུགས་འགན་བཞེས་ཐོག་གདན་ཞུས་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དང་སྤྱི་གཉེར་ཚུལ་ཁྲིམས་རྒྱ་མཚོ།ཡང་སྟོན་དགེ་བཤེས་གཙུག་ཕུད་རྣམ་རྒྱལ། དགེ་བཤེས་བློ་གྲོས་མཆོག་ལེགས་སོགས་དགེ་བཤེས་རྣམ་པ་དང་། ཏྲེ་བ་གཡུང་དྲུང་ཚེ་དབང་སོགས་ཀྱིས་ཕེབས་བསུ་ཞུས། དེ་ནས་རིན་པོ་ཆེ་སྐུ་འཁོར་བཅས་རྒྱལ་ས་ཀ་ཐ་མན་ཌུ་དང་ཉེ་སར་ཡོད་པ་རྒྱལ་གཤེན་དཔའ་བོར་ཕེབས།
ཕྱི་ཚེས་ ༣༡ ཉིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དགྱེས་ཞལ་འཛོམས་ཤིང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དོལ་ཕྱོགས་སུ་ཕེབས་སྐབས་ལམ་ཁ་སོགས་ལ་ཐུགས་གཟབ་གནང་དགོས་པའི་ལམ་སྟོན་སོགས་བཀའ་མོལ་ཡུན་རིང་དུ་མཛད།
ཕྱི་ཚེས་ ༠༢ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མཎ་ཌུའི་རྒྱལ་སྤྱིའི་གནམ་ཐང་ནས་འཐད་འཕུར་ནམ་གྲུའི་མཁའ་ལམ་བརྒྱུད། དོལ་པོ་བོན་ཚོགས་གླིང་གི་དབུ་འཛིན་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དོལ་པོའི་རྫོང་དུང་ཉལ་གྱི་གནམ་ཐང་དུ་དོལ་པོ་བོན་ཚོགས་གླིང་གི་དབུ་འཛིན་མཁན་པོ་མཆོག་དབུས་པའི་སློབ་སྤྱི་ཤེས་རབ་རྣམ་དག་དང། བར་གླེ་གྲོང་སྡེ་ལྷན་ཁང་གི་འགོ་འཛིན་ Raju lama དུང་ཉལ་གྱི་ཡུལ་མི་དང་། བར་གླེ་༧གཡུང་དྲུང་ཤུག་ཚལ་དགོན་གྱི་བླ་གྲྭ་སྔགས་གསུམ། དོལ་པོ་བོན་ཚོགས་གླིང་གི་དགེ་སློབ་རྣམས་དང་མི་མང་བཅས་ནས་ཕེབས་བསུའི་སེར་འཕྲེང་སོགས་ཟབ་རྒྱས་གནང་། ༧སྐྱབས་རྗེ་མཆོག་ནས་ཀྱང་སྔར་སྲོལ་ལྟར་བསྙེན་བཀུར་མང་ཇ་དང་སྐུ་ཡོན་བཅས་གསོལ་བསྩལ་མཛད།
ཕྱི་ཚེས་ ༠༤ བོད་ཟླ་དྲུག་པའི་གནམ་གང་ཉིན་དོལ་པོའི་རྫོང་དང་བར་གླེ་ཡུལ་མི་གཙོས་ཏི་ཆུ་རོང་དད་ལྡན་མང་ཚོགས་ཆིག་སྟོང་མ་ཟིན་ཙམ་ལ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚེ་དབང་བྱ་རི་མའི་དབང་མཆོག་བསྐུར་གནང་མཛད།
ཕྱི་ཚེས་ ༠༥ ཉིན་མཚོ་མཐའ་སྲུང་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་བསམ་འགྲུབ་ཉི་མ་མཆོག་དང་། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས། གྲོང་སྡེ་ལྷན་ཁང་གི་ཚེ་དབང་ལྷ་རྒོད། ཏ་པི་ཧྲི་ཙ་སློབ་གྲྭའི་སློབ་སྤྱི་ཟུར་པ་བསམ་འགྲུབ་ཚེ་རིང་ Ang Bahadur lama སོགས་ནས་རེ་ཞུས་ལྟར་རིན་པོ་ཆེ་སྐུ་འཁོར་བཅས་ཆུ་དཀར་རྒྱུད་སྤོས་མང་ཡུལ་དུ་ཕེབས་ཐོན་གནང་། ལམ་རྒྱུད་དུ་ཆབ་དཀར་དང་རེ་ཡཱ་ཆུ་གཉིས་བཅས་སུ་ཡུལ་མི་རྣམས་ལ་སྙིང་པོ་རྣམ་གསུམ་དང་བོན་སྤྱོད་སོགས་ཀྱི་ལྗགས་ལུང་བཀའ་ཁྲིད་གདུལ་བྱའི་རེ་འདུན་ལྟར་གནང་སྐྱོང་མཛད་།
ཕྱི་ཚེས་ ༠༧ ཉིན་སྤོས་མང་ཡུལ་དུ་མཁན་པོ་དགེ་བཤེས་བསམ་གྲུབ་ཉི་མ་མཆོག་གིས་དབུས་པའི་དབུ་བླ་ནོར་བུ་དོན་འགྲུབ་མཆོག་དང་། བླ་མ་ནམ་མཁའ་རྒྱལ་པོ་དང་གྲོང་སྡེ་ལྷན་ཁང་གི་འགོ་འཛིན་ཚེ་དབང་ལྷ་རྒོད་སོགས་བླ་གྲྭ་སྔགས་གསུམ་མི་མང་བཅས་ཀྱིས་སྔར་སྲོལ་ལྟར་གླུ་གར་བོན་གསུམ་གྱི་སྒོ་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ། ཡུལ་དགོན་རྣམ་རྒྱལ་ལྷ་ཁང་དུ་བཞུགས་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་གསུམ་འདེགས་འབུལ་ཞུས་གནང་མཛད། དེར་བཞུགས་རིང་ཚེ་དབང་བྱ་རི་མའི་བཀའ་དབང་བསྐུར་ཞིང་། དད་ལྡན་མང་ཚོགས་རྣམས་ཀྱིས་ལོ་མང་ཡུན་རིང་མཇལ་སྐལ་དུ་མ་གྱུར་བའི་ཏྲེ་སྟོན་བླ་བྲང་སོགས་ཡུལ་དེའི་བླ་བྲང་ཁག་སོ་སོའི་རྟེན་གསུམ་ཁག་སྟེ། ༼ བླ་ཆེན་དྲན་པ་ནམ་མཁའི་དབུ་ཞྭ་དང་ན་བཟའ། དེ་བཞིན་ཡང་སྟོན་ཤེས་རབ་བསྟན་འཛིན། ཏྲེ་སྟོན་ནམ་མཁའ་རྒྱལ་མཚན། ཏྲེ་སྟོན་སྨོན་ལམ་རྒྱལ་མཚན། ཏྲེ་སྟོན་ཀུན་བཟང་རྒྱལ་མཚན། ཏྲེ་སྟོན་ཚུལ་ཁྲིམས་རྣམ་རྒྱལ། ཏྲེ་སྟོན་ཚེ་དབང་རྒྱལ་མཚན། ཁྱུང་པོ་རྣམ་རྒྱལ་ཤེས་རབ། སྤོས་མང་གྲུབ་ཐོབ། བར་གླེ་བླ་མ་མགོན་པོ་སོགས་ཀྱི་རིང་སྲེལ་དང་ཤ་རི་རམ་ཡིག་འབྲུ་རང་བྱོན་རྣམས་ཀྱི་༽མཇལ་ཁ་གནང་ནས་དད་ལྡན་མང་ཚོགས་རྣམས་དགེ་བ་ལ་ཡི་རངས་ཤིང་མགུ་བར་བྱས། དགོང་མོ་ཡུལ་མི་རྣམས་ནས་གླུ་གར་ཤོན་སོགས་ཀྱི་མཆོད་པ་ཕུན་སུམ་ཚོགས་པ་ཕུལ་གནང་ཞུས།
ཕྱི་ཚེས་༠༨ ཉིན་ཞོགས་པ་སྤོས་མང་ཡུལ་མི་རྣམས་ནས་ཡུལ་ལུགས་ལྟར་རིན་པོ་ཆེ་སྐུ་འཁོར་རྣམས་ཕེབས་སྐྱེལ་གྱི་སྟོན་མོ་བཤམ་ནས་སླད་མར་ཡང་ལོ་ལྟར་འདི་ཕྱོགས་སུ་འགྲོ་དོན་ལ་ཕེབས་གནང་ཡོང་བའི་བཀྲ་ཤིས་སྨོན་འདུན་བཟང་པོས་འཚམས་སྦྱོར་སོགས་ཞུས། དེ་ནས་སྨན་རིའི་དགེ་བཤེས་ཉི་མ་དབང་རྒྱལ་བཅས་ཀྱིས་ཕྱག་བཏབ་གནང་བའི་ཏ་པི་ཧྲི་ཙའི་སློབ་གྲྭ་རུ་ཕེབས་བསུ་ཞུས་ཤིང་སློབ་སྤྱི་ Ram Chandra Budha དང་སློབ་སྤྱི་ཟུར་པ་བསམ་འགྲུབ་ཚེ་རིང་མཆོག སློབ་སྤྱི་གཞོན་པ་ཨཙཱརྱ་ཟླ་བ་དོན་འགྲུབ། དགེ་བཤེས་བློ་གྲོས་གོ་ཆ་སོགས་དགེ་སློབ་ཐུན་མོང་གིས་དྲི་ཞིམ་སྤོས་བསང་དང་རྟེན་འབྲེལ་ལྷ་དར་དཀར་པོས་ཕེབས་སུ་ཟབ་རྒྱས་ཞུས་ཏེ་ཚོགས་ཁང་བཞུགས་ཁྲིར་མངའ་གསོལ་དང་མཎྜལ་འདེགས་འབུལ་ཞུས་ཤིང་དགེ་སློབ་རྣམས་དང་མི་མང་ལ་མཇལ་ཁ་གནང་། དེ་རྗེས་དགེ་སློབ་ཐུན་མོང་གིས་གསོལ་འདེབས་ཞུས་དོན་བཞིན་སྤྱི་རིམ་དུ་ཡི་དམ་དབལ་ཁྱུང་དམར་པོའི་བཀའ་དབང་གནང་ཞིང་། དགོང་མོར་བདེར་གཤེགས་མཆོག་ལྔའི་སྒྲུབ་ཐབས་ཀྱི་ཆ་ལག་གསུར་མཆོད་འཁོར་འདས་ཀུན་ཚིམ་དང་ལུས་སྦྱིན་མཁའ་འགྲོའི་གད་རྒྱང་སོགས་གསུངས་གནང་མཛད་པ་དང་དགེ་སློབ་ཡོངས་ལ་བླང་དོར་གྱི་བཀའ་སློབ་སོགས་གནད་སྨིན་བསྩལ་གནང་མཛད།
ཕྱི་ཚེས་༠༩ ཉིན་མཚོ་ཡུལ་གྱི་རྒྱལ་སྒོའི་མདུན་དུ་༧མཚོ་མཐའ་སྲུང་དགོན་གྱི་མཁན་པོ་དགེ་བཤེས་བསམ་འགྲུབ་ཉི་མ་མཆོག་དང་མཚོ་བླ་མ་དགེ་བཤེས་ཤེས་རབ་གོ་ཆ། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས། མཚོ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཏྲེ་སྟོན་ཉི་མ་སོགས་མཚོ་ཡུལ་གྱི་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་ཡུལ་གྱི་ཚོགས་ཁང་མདུན་དུ་བོན་གཤེན་རྔ་ཐོགས་པ་རྣམས་ནས་གཤེན་རབ་མཆོད་རྔ་སོགས་ཀྱིས་མཚོན་པའི་གླུ་གར་རྟེན་འབྲེལ་གྱི་རང་བཞིན་བརྗོད་པ་སྣ་ཚོགས་པ་རྗེ་བླ་མ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་ནས་ཡུལ་གྱི་ཚོགས་ཁང་དུ་༧མཁན་པོ་དགེ་བཤེས་བསམ་འགྲུབ་ཉི་མ་མཆོག་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་མང་ཚོགས་ནས་གང་གི་གསོལ་འདེབས་ཚིག་བཞི་མ་དབྱངས་སུ་གྱེར་གནང་སོགས་མཛད།
ཕྱི་ཚེས་ ༡༠ ཉིན་༧དཔལ་གཤེན་བསྟན་མཚོ་མཐའ་སྲུང་དགོན་དུ་མཚོ་སྤོས་མང་ཆུ་དཀར་སོགས་ཀྱི་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་ཞུས་ཤིང་༧མཚོ་མཐའ་སྲུང་དགོན་གྱི་གསེར་ཁྲིར་མངའ་གསོལ་དང་མཎྜལ་མཆོད་པ་རྣམ་ལྔ་སོགས་འདེགས་འབུལ་གྲུབ་རྗེས་༧ཡི་དམ་སྟག་ལ་མེ་འབར་གྱི་བཀའ་དབང་དང་སྟག་ལ་སྤུ་གྲི་དམར་ནག་གི་སྒྲུབ་གཞུང་ཚེ་སྒྲུབ་དང་བཅས་པའི་ལྗགས་ལུང་གནད་སྨིན་བསྩལ་ཞིང་ཕུགས་སུམ་མདོའི་མཚོ་༼དྭངས་ར་གཡུ་ཆུང་༽ཁར་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་ཚོགས་ལ་བསང་གསོལ་དང་ཀླུ་མཆོད་ཀླུ་གཏོར་དང་དེར་བཞུགས་དགེ་སྔགས་ཀུན་ལ་བསྙེན་བཀུར་མང་ཇ་སྐུ་ཡོན་བཅས་བོན་སྤྱོད་ཀྱི་མཛད་པ་བསྐྱངས་གནང་མཛད། ཡུལ་གྱི་སློབ་མ་དང་ཡུལ་མི་ཡོངས་ནས་ཕྱི་དྲོར་གཏང་རག་གི་མཆོད་པ་གླུ་གར་རོལ་རྩེད་དང་རིན་པོ་ཆེ་གང་ཉིད་ནས་སློབ་མ་རྣམས་ལ་ཤེས་ཡོན་དང་ཀུན་སྤྱོད་གལ་ཆེ་ཚུལ་དང་རྒན་པ་རྣམས་ལ་དགེ་སྐུལ་འབད་འབུངས་གནང་དགོས་ཚུལ་ཀྱི་བཀའ་སློབ་གནང་།
ཕྱི་ཚེས་ ༡༤ ཉིན་མཚོ་ཡུལ་མི་རྣམས་ནས་རིན་པོ་ཆེ་སྐུ་འཁོར་བཅས་ལ་ཕེབས་བསྐྱེལ་ཀྱི་མཆོད་པ་བཤམ་ཤིང་མཇལ་དར་ཕུལ་བ་བཀྲ་ཤིས་པའི་སྨོན་ཚིག་སྒྲོགས་ཤིང་། དེར་བྱི་གཅེར་ཡུལ་ནས་ཕེབས་བསུར་བཅར་བ་རྣམས་ཀྱིས་གུས་པ་མཚོན་ཆེད་ལུས་ལ་ཡུལ་སྲོལ་ཆ་ལུགས་ཀྱིས་བརྒྱན་ཏེ་༧ཡང་སྟོན་གདན་ས་བསམ་གླིང་དགོན་བར་ཕེབས་ལམ་ཀུན་ལ་ཞབས་ཕྱི་བླ་མེད་དུ་མཛད། ཕྱི་ཚེས་ ༡༥ ཉིན་ཕུགས་སུམ་མདོའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟླ་བ་བསམ་འགྲུབ་མཆོག་དང་ཤེལ་སུམ་མདོའི་དགོན་པའི་སྤྱི་གཉེར་ཀརྨ་ཆོས་འབྱོར། བྱི་གཅེར་གླང་དགོན་པའི་སྔགས་འཆང་རྣམ་པ་སོགས་བོན་ཆོས་དབྱེར་མེད་ཀྱི་དགེ་སྔགས་རྣམས་ནས་ཕེབས་བསུ་ཞུས་ཏེ། སུམ་མདོ་དགོན་གྱི་བཞུགས་ཁྲིར་མངའ་གསོལ་དང་མཎྜལ་རྟེན་གསུམ་སོགས་འདེགས་འབུལ། གསོལ་ཇ་བཞེས་གྲོ་སོགས་བཀྲ་ཤིས་རྟེན་འབྲེལ་ཟབ་རྒྱས་ཞུས། སུམ་མདོ་དགོན་དུ་ཡོད་པའི་རྟའུ་ཉི་མ་རྒྱལ་མཚན་མཆོག་གི་སྐུ་གདུང་སོགས་ལ་རྟེན་མཇལ་དང་དེ་གའི་དགེ་འདུན་པ་སྔགས་པ་ཇོ་མོ་བཅས་ལ་བསྙེན་བཀུར་མང་ཇ་སོགས་ཕུལ།
ཕྱི་ཚེས་ ༡༦ ཉིན་ཡང་དགོན་༧གདན་ས་བདེ་ལྡན་བསམ་གླིང་དགོན་གྱི་དབུ་བླ་ཤེས་རབ་བསྟན་འཛིན་མཆོག་དང་བྱི་གཅེར་གྲོང་སྡེ་ལྷན་ཁང་གི་འགོ་འཛིན་ཀརྨ་དར་རྒྱས། ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན། ཡང་སྟོན་བླ་མ་བསྟན་འཛིན་དབང་རྒྱལ། ར་ནག་སྨན་པ་བཀྲ་ཤིས་ཚེ་དབང། བྱི་གཅེར་ཡུལ་གྱི་དགེ་སློབ་སོགས་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་དང་བོན་གཤེན་རྔ་ཐོགས་པ་རྣམས་ཀྱིས་མཆོད་རོལ་ཕུལ་ཏེ་༧གདན་ས་བསམ་གླིང་དགོན་གྱི་གསེར་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་དང། དབུ་བླ་ཡང་སྟོན་ཤེས་རབ་བསྟན་འཛིན་མཆོག་ནས་མཎྜལ་ཕུལ་ཞིང་མང་ཚོགས་ནས་གང་གི་གསོལ་འདེབས་དབྱངས་སུ་གྱེར་འདོན་ཞུས། དེ་ལྟར་ལྷ་མི་དགྱེས་པའི་རྟགས་སུ་ཡུལ་གྱི་རྒྱབ་རི་སྨུག་པོ་རོང་གི་རྩེར་འབྲུག་གྲགསཔ་དང་ཁ་ཆར་ཟིམ་བུ་འབབ་པ་སོགས་ངོ་མཚར་ཅན་གྱི་རྟེན་འབྲེལ་ལེགས་པའི་རྟགས་མཚན་ཀུན་གྱིས་མིག་ལམ་དུ་གྱུར།
ཕྱི་ཚེས་ ༡༩ བོད་ཚེས་ ༡༥ ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་མཆོག བྱི་གཅེར་གླང་དགོན་གྱི་དབུ་བླ་བསྟན་འཛིན་རྒྱལ་མཚན་མཆོག གཙོས་རྒྱ་བལ་སོགས་ནས་ཕེབས་པའི་དགེ་བཤེས་རྣམས་དང་དགེ་སྔགས་མང་ཚོགས་ནས་༧ཡང་སྟོན་གདན་ས་བསམ་གླིང་དགོན་གྱི་དབུ་བླ་ཤེས་རབ་བསྟན་འཛིན་མཆོག་གིས་གསར་བཞེངས་གྲུབ་པའི་གཙུག་ལག་ཁང་གསར་པར་མངའ་དབུལ་རབ་གནས་མཛད་ཅིང་རིན་པོ་ཆེ་མཆོག་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀའ་དབང་གནང་ཞིང་སྨུག་པོ་རོང་གི་དགེ་སློབ་རྣམས་ལ་མཇལ་ཁ་སོགས་གནང་།
ཕྱི་ཚེས་ ༢༠ ཉིན་བཀྲ་ཡུལ་མི་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཡང་སྟོན་སྤྲུལ་སྐུ་གཡུང་དྲུང་ཕུན་ཚོགས་མཆོག་དང་བྱི་གཅེར་གྲོང་སྡེ་སྤྱི་ཁྱབ་ཀརྨ་དར་རྒྱས་སོགས་བོན་ཆོས་ཀྱི་སྔགས་གྲྭ་རྣམས་དང་མང་ཚོགས་ནས་ཕེབས་བསུ་སོགས་ཞུས་གནང་གིས། གཙུག་ལག་ཁང་གསར་པའི་སྒོ་ཆེན་མདུན་དུ་དར་ཚོན་སྣ་ལྔའི་ཞལ་དབྱེ་དང་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་༧སྟོན་པ་སངས་རྒྱས་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་བརྙན་རིན་པོ་ཆེར་སྣང་གསལ་སྒྲོན་མེའི་ཞལ་ཕྱེས་ཏེ་སྐུ་གསུང་ཐུགས་རྟེན་རྣམས་ཀྱི་སྤྱན་དབྱེ་སོགས་མཛད་གྲུབ་ནས་ཡང་སྟོན་སྤྲུལ་སྐུ་གཡུང་དྲུང་ཕུན་ཚོགས་མཆོག་གིས་མཎྜལ་འདེགས་འབུལ་ཞུས་ཤིང་སྔར་སྲོལ་ལྟར་བླ་གྲྭ་ཀུན་ལ་བསྙེན་བཀུར་མང་ཇ་འགྱེད་བཅས་གསོལ་བསྩལ་གནང་།
ཕྱི་ཚེས་༢༢ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་༧བཀྲ་ཤིས་རྣམ་རྒྱལ་དགོན་གྱི་གཙུག་ལག་ཁང་གསར་པར་མངའ་དབུལ་རབ་གནས་རྒྱས་པར་མཛད་ཅིང་བྱི་གཅེར་དང་ཕོད་དང་སྐུ་སོགས་ཀྱི་ཡུལ་མི་དད་ལྡན་མང་ཚོགས་ལ་༧ཚེ་དབང་བྱ་རི་མའི་བཀའ་དབང་ཟབ་མོ་བསྩལ་གནང། བྱི་གཅེར་ཡུལ་གྱི་བོན་ཆོས་གཉིས་ཀྱི་བླ་མ་རྣམ་གཉིས་དང་དམིགས་བསལ་༧བཀྲ་ཤིས་རྣམ་རྒྱལ་དགོན་གྱི་དགོན་པ་གསར་བཞེངས་ཐད་ཐུགས་འགན་གཙོ་བོར་བཞེས་མཁན་སྨན་རིའི་དགེ་སློང་ཆོས་འཁོར་ཚང་གཡུང་དྲུང་རྣམ་རྒྱལ་དང་། དེ་བཞིན་ཚེ་དབང་དགྲ་འདུལ་དང་བཀྲ་ཤིས་ཚེ་དབང་སོགས་ལ་ཐུགས་རྗེ་ལེགས་གསོལ་མཛད་ཅིང་དད་ལྡན་མང་ཚོགས་ནས་སྔར་རྒྱུན་ལྟར་བཀྲ་ཤིས་པའི་གླུ་གར་སྣ་ཚོགས་པ་སྤྱན་འབུལ་ཞུས།
ཕྱི་ཚེས་ ༢༣ བཀྲ་ཤིས་རྣམ་རྒྱལ་དགོན་གྱི་སྡེ་འབངས་འགའི་རེ་བསྐུལ་ལྟར་དུ་ཏྲི་སུའི་སྒྲུབ་གཞུང་མུན་སེལ་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་སྒོ་ནས་གཤིན་པོ་རྣམས་ལ་གནས་འདྲེན་སོགས་ཟབ་རྒྱས་མཛད་ཅིང་༧བཀྲ་ཤིས་རྣམ་རྒྱལ་དགོན་དང་བྱི་གཅེར་ཡུལ་དགོན་གཉིས་ཀྱི་སྤྱི་རིམ་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་ལོ་རབས་རྒན་པ་རྣམས་ལ་འཕོ་ལུང་སོགས་གནང་མཛད།
ཕྱི་ཚེས་ ༢༧ ཉིན་ཡང་སྟོན་༧གདན་ས་བསམ་གླིང་དགོན་གྱི་སྔགས་གྲྭ་རྣམས་གཙོས་པའི་ཡུལ་མི་རྣམས་ལ་ཡི་དམ་དབལ་ཕུར་ནག་པོའི་བཀའ་དབང་བསྐུར་གནང་མཛད་པ་དང་བསམ་གླིང་དགོན་འདུས་སྤྱི་ནས་རིན་པོ་ཆེ་གང་ཉིད་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཤིང་རིན་པོ་ཆེ་སྐུ་འཁོར་རྣམས། རྟོགས་ལྡན་དབོན་པོ་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ལས། ༼གྲུབ་ཆེན་ས་ནོན་ཁྱད་པར་ཅན་རྣམས་ཀྱིས་བྱིན་གྱིས་རླབས་པའི་བྲག བྱི་ཚེར་གྱི་སྟག་རྫོང། ནང་ཁོངས་ཀྱི་སེར་བཙོག བན་ཚང་གི་ཕུག་ངོས།༽ ཞེས་གསལ་བ་ལྟར་གནས་ཆེན་བྱི་གཅེར་གྱི་སྟག་རྫོང་དང་། ཡང་སྟོན་བླ་མ་རྒྱལ་མཚན་རིན་ཆེན་གྱིས་ཀླུ་བཙན་དགེ་སྙེན་རོང་ཆུང་དམ་བཏགས་སུ་ཕུལ་བའི་གྲུབ་ཆུ། ཡང་སྟོན་ས་ཏྲིག་ཤེལ་ཞིན་གྱི་སྐུ་གདུང་། རྟའུ་ཉི་མ་རྒྱལ་མཚན་གྱི་སྐུ་གདུང་སོགས་གནས་སྐོར་དང་རྟེན་མཇལ་མཛད།
ཕྱི་ཚེས་ ༢༩ ཉིན་ཤེལ་རིའི་གནས་དུས་སྐབས་༼༦༧༽གོ་སྒྲིགས་ཚོགས་པའི་ཚོགས་མི་ཏྲེ་སྟོན་ཉི་མ་སོགས་ཆེད་དུ་ཕེབས་བསུ་བཅར་དོན་ལྟར་བཀྲ་རོག་བརྒྱུད་༧ཤེལ་གྱི་རི་བོ་འབྲུག་སྒྲའི་སུམ་མདོ་དགོན་པར་ཕེབས་གྲུབ་ཀྱིས། དེར་བླ་མ་ཉི་མ་མཆོག་དང་༧ཤེལ་གནས་དུས་སྐབས་༼༦༧༽གོ་སྒྲིག་ཚོགས་པ་དང་ཕུགས་སུམ་མདོ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་སྐུ་ངོ་ཟླ་བ་བསམ་འགྲུབ། དེ་བཞིན་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཞོན་པདྨ་དབང་ཆེན། མཚོ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་ཏྲེ་སྟོན་ཉི་མ། ཕུགས་སུམ་མདོ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བཀྲ་ཤིས་དོན་འགྲུབ། ཚེ་དབང་རྒྱལ་པོ། ཚོགས་གཙོ་ཀརྨ་ཆོས་འཕེལ། ཚོགས་གཞོན་པདྨ་དབང་ཕྱུག པདྨ་དགོས་འབྱོར་སོགས་དོལ་པོ་སྟོད་སྨད་གཉིས་དང་གློ་ཡུལ་མུ་གུམ་ལས་སོགས་ཕྱོགས་མཐའ་ནས་ཕེབས་པའི་བླ་གྲྭ་སྐྱ་སེར་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས། ཕྱི་ཚེས་ ༠༡ ཉིན་དོལ་པོ་གནས་ཆེན་ཤེལ་རི་འབྲུག་ལོ་འཁོར་ཆེན་ཐེངས་༼༦༧༽གནས་དུས་མཛད་སྒོ་ཆེན་མོར་ཆིབས་བསྒྱུར་བསྐྱངས་ཤིང་གནས་རིར་ཕྱག་སྐོར་དང་བོན་སྤྱོད་དགེ་བསྐུལ་གྱི་བཀའ་སློབ་རྒྱས་པར་གནང་།
ཕྱི་ཚེས་ ༠༣ ཉིན་རིན་པོ་ཆེ་མཆོག་ནས་བོན་གྱི་གཞུང་ཆེན་མ་རྒྱུད་ལས་འཕྲོས་ནས་བར་དོའི་ངོ་སྤྲོད་དང་འབྲེལ་བའི་ལས་འབྲས་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྒོ་ནས་བོན་ཁྲིད་དང་ཚེ་དབང་བྱ་རི་མའི་བཀའ་དབང་ཟབ་མོ་བསྐུར་གནང་བ་དང་༧ཤེལ་གནས་དུས་སྐབས་༼༦༧༽གོ་སྒྲིག་ཚོགས་པ་ནས་བརྟན་བཞུགས་ཀྱི་འབུལ་ཚན་རྣམས་བསྟར་བསྒྲིགས་ཀྱིས་སྤྲུལ་སྐུ་འཆི་མེད་ཚེ་དབང་ལགས་ནས་སྐྱབས་ཐོ་རྣམས་སྙན་གསན་ཞུས་ ༧རྗེ་བླ་མ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་གདུལ་བྱ་དང་འགྲོ་བའི་དཔུང་གཉེན་དུ་༧གཡུང་དྲུང་བོན་གྱི་འཁོར་ལོ་དུས་རྟག་ཏུ་བསྐོར་གནང་མཛད་པའི་བརྟན་བཞུགས་རྒྱས་པ་འབུལ་གནང་མཛད། དད་ལྡན་མང་ཚོགས་ལ་མཇལ་ཁ་སོགས་གནང་གྲུབ་ནས་མཁའ་འགྲོ་གསང་གཅོད་ཀྱི་བརྒྱུད་པའི་བླ་མ་རྟའུ་ཉི་མ་རྒྱལ་མཚན་མཆོག་གིས་ཕྱག་བཏབས་པའི་ཙག་ཁང་དགོན་གྱི་རྟེན་དང་བརྟེན་པ་བཅས་ལ་གནས་གཟིགས་དང་དེར་ཡོད་རྟའུ་ཉི་མ་རྒྱལ་མཚན་གྱི་སྐུ་གདུང་བཅས་ལ་རབ་གནས་དང་བསྙེན་བཀུར་མང་ཇ་སོགས་མཛད་གནང་།
ཕྱི་ཚེས་༠༥ ཉིན་བླ་མ་ཤཀྱ་མཆོག་དང་བླ་མ་ཉི་མ། དགེ་སློང་དར་རྒྱས་༧ཤེལ་གནས་དུས་སྐབས་༼༦༧༽གོ་སྒྲིག་ཚོགས་པ་དང་ཕུགས་སུམ་མདོ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་ཟླ་བ་བསམ་འགྲུབ། ཚོགས་ཟུར་བཀྲ་ཤིས་དོན་འགྲུབ་གླང་དགོན་གྱི་དབུ་བླ་བསྟན་འཛིན་རྒྱལ་མཚན་མཆོག ཤེལ་སུམ་མདོ་དགོན་པའི་སྤྱི་གཉེར་ཀརྨ་ཆོས་འབྱོར་༧ཤེལ་གནས་དུས་ཚོགས་པའི་ཚོགས་མི་རྣམ་པ་སོགས་དད་ལྡན་མང་ཚོགས་ནས་ཕེབས་སྐྱེལ་ཞུས། དེར་འཁྲུངས་ཡུལ་ཚྭ་དགའ་ནས་ཕེབས་བསུར་བཅར་བའི་ཚྭ་དགའ་གྲོང་སྡེ་ལྷན་ཁང་གི་ཟླ་བ་ལྷ་དབང་དང་སྔགས་འཆང་རྒན་པ་སོགས་བཅས་ལྷན་དུ་ལམ་ལ་ཕྱོགས།
ཕྱི་ཚེས་༡༠ ཉིན་ཚྭ་དགའ་༧ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་དགོན་གྱི་དབུ་བླ་ཡང་སྟོན་བླ་མ་རིན་ཆེན་རྒྱལ་མཚན་མཆོག་དང་། ས་ཆེན་དགོན་གྱི་བླ་མ་རྫས་ཁང་བླ་མ་ཉི་ཟླ་རྡོ་རྗེ་དང་བླ་མ་ཀརྨ་བཀྲ་ཤིས་མཆོག གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཞོན་ཀརྨ་སྲི་འདུལ་སོགས་བོན་ཆོས་གཉིས་ཀྱི་སྔགས་པ་དང་ཇོ་མོ་གཙོས་དད་ལྡན་མང་ཚོགས་ནས་མཆོད་པ་སྣ་ཚོགས་པའི་སྒོ་ནས་ཕེབས་བསུ་ཞུས་ཏེ། གཙུག་ལག་ཁང་གི་བཞུགས་ཁྲིར་མངའ་གསོལ་དང་ཡང་སྟོན་བླ་མ་རིན་ཆེན་རྒྱལ་མཚན་མཆོག་གིས་མཎྜལ་འདེགས་འབུལ་གྱིས་མང་ཚོགས་ནས་བླ་མའི་མཆོད་པ་སོགས་ཀྱི་བོན་དབྱངས་གདངས་སུ་གྱེར་གནང་ཞུས།
ཕྱི་ཚེས་ ༡༣ ཚྭ་དགའ་ཡུལ་སྤྱིའི་སྐུ་རིམས་ཆེད་གཤིན་པོ་རྣམས་ལ་ས་བདག་གདོན་གྲོལ་དང་ལུས་སྦྱིན་མཁའ་འགྲོ་གསང་གཅོད་དུ་ཏྲི་སུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མ་ངན་སོང་དོང་སྤྲུགས་ཀྱི་སྒོ་ནས་བྱང་ཆོག་ཡར་མཆོད་མར་སྦྱིན་སོགས་མཛད། ཕྱི་ཚེས་༡༤ ཉིན་༧ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་དུ་ཚེ་དབང་བྱ་རི་མའི་བཀའ་དབང་བསྐུར་ཞིང་བར་དོའི་ངོ་སྤྲོད་སོགས་ཀྱི་བོན་ཁྲིད་མཛད་པ་དང་ ༧ཡི་དམ་དབང་ཁྱུང་དམར་པོའི་བཀའ་དབང་བསྐུར་གྲུབ་མཚམས་ཚྭ་དགའ་སྡེ་འབངས་ཐུན་མོང་གིས་ ༧རྗེ་བླ་མ་མཆོག་ལ་མཎྜལ་བརྟན་བཞུགས་སོགས་འདེགས་འབུལ་ཞུས་རྗེས་སྐུ་འཁོར་རྣམས་སྔར་གྱི་གཞིས་དགོན་ལྐོག་་ལང་དང་སྟར་རྫོང་ཕུན་ཚོགས་གླིང་དགོན་སོགས་སུ་དགོན་ཤུལ་རྙིང་པ་དང་ཡང་སྟོན་བླ་རབས་རྣམ་པའི་སྐུ་གདུང་སོགས་ལ་གནས་གཟིགས་དང་། ཚྭ་དགའ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ནས་རིག་གཞུང་གཟིག་འབུལ་དང་དགེ་སློབ་ཡོངས་ལ་བཀའ་སློབ་སོགས་གནང་།
གློ་ཡུལ་གྱི་གནས་ཚུལ།
ཕྱི་ཟླ་༩ ཚེས་༡༧ ཉིན་ཀླུ་བྲག་པ་སྨན་རིའི་དགེ་བཤེས་ལུང་རིག་བློ་ལྡན་མཆོག་དང་། དགེ་བཤེས་ཀུན་སྐྱོང་རྒྱལ་པོ་དང། ནོར་བུ་འགུ་རུང་སོགས་གློ་དོལ་ས་མཚམས་སུ་ཕེབས་བསུར་བཅར་ཏེ། གློ་ཡུལ་གསང་སྟག་བརྒྱུད་འཕན་ལག་ཡུལ་དུ་ཕེབས། སྐབས་དེར་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་དང་། སྨན་རིའི་དགེ་བཤེས་མཁན་པོ་སྒོ་རིགས་བསྟན་འཛིན་མཆོག་ལྡན། ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས། དགེ་བཤེས་གཤེན་རྒྱལ་བསྟན་འཛིན། འཕན་ལག་གྲོང་སྡེ་ལྷན་ཚོགས་ཀྱི་འགོ་འཛིན་སུ་རན་ཌ་རཱ་སོགས་ཡུལ་མི་རྣམས་ནས་ཕེབས་བསུ་དང་དེར་རབ་གནས་མཛད་སོགས་མཛད། དེ་ནས་པག་གླིང་༸གཤེན་བསྟན་མཐའ་རྒྱས་དགོན་གྱི་མཁན་པོ་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་དང་། ཞུ་བླ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། སྨན་རིའི་དགེ་བཤེས་མཁན་པོ་བསྟན་འཛིན་རྒྱལ་པོ། དམུ་བསུ་ཐང་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་སོགས་གློ་ཡུལ་སྟོད་སྨད་གཉིས་གཙོས་སྐྱ་སེར་ཐུན་མོང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཏེ། ༸གཤེན་བསྟན་མཐའ་རྒྱས་གླིང་གི་གཙུག་ལག་ཁང་གསར་པའི་མདུན་དུ་གཤེན་རབ་མཆོད་རྔའི་མཆོད་སྤྲིན་ཕུལ་གནང་གྲུབ་མཚམས་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ ཆེན་པོ་མཆོག་དང་ཞལ་མཇལ་ཞུས། དེ་ནས་གཙུག་ལག་ཁང་གི་བཞུགས་ཁྲིར་མངའ་གསོལ་གྱིས། མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་ནས་མནྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་བཅས་ཕུལ། དེར་ཡོད་སྐྱ་སེར་མང་ཚོགས་ལ་མཇལ་ཁ་གནང་གྲུབ་མཚམས། དགེ་འདུན་མང་ཚོགས་ལ་བསྙེན་བཀུར་མང་ཇ་སོགས་སྔར་སྲོལ་ལྟར་གསོལ་བསྩལ་གནང་།
དེ་རྗེས་ཕྱི་ཚེས་ ༡༨ ཉིན་༸དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་དགོན་པ་དབུ་འབྱེད་ཀྱི་བསྐལ་བཟང་དུས་ཚེས་ཀྱི་མཛད་སྒོ་ཉིན་དང་པོར་༸དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་གཙུག་ལག་ཁང་ཆེན་གྱི་མདུན་ཐང་དུ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞལ་འཛོམས་ཐོག་༸མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་དང་། ཞུ་བླ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། མཁན་པོ་དགེ་བཤེས་བསྟན་འཛིན་རྒྱལ་པོ། དགེ་བཤེས་ལུང་རིག་བློ་ལྡན་༸གདན་ས་སྨན་རིའི་གླིང་དང་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་སོགས་ནས་ཕེབས་པའི་བླ་གྲྭ་དགེ་བཤེས་རྣམས་དང་། དེ་བཞིན་གློ་དོལ་སོགས་ཀྱི་བོན་དགོན་རྣམས་ཀྱི་དབུ་བླ་སྔགས་འཆང་བ་དང་བཅས་པ། དགོན་འདིའི་སྦྱིན་པའི་བདག་པོ་རྣམ་པ་གཙོས་པའི་སེར་སྐྱ་མི་དམངས་བསྟར་འཕྲེང་དང་བཅས་ཏེ། འཆམ་རའི་དར་ཆེན་ལ་རབ་གནས་དང་ལྷ་རྒྱལ་གསོལ་ཞིང། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པའི་སྨོན་ལམ་གསུངས་ཤིང་ཐུགས་སྨོན་དག་པས་མཚམས་སྦྱར་མཛད། དེ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་དགོན་པའི་རྟེན་བརྟེན་པ་དང་བཅས་པ་ལེགས་པར་གསར་བཞེངས་གྲུབ་པའི་༸དཔལ་གཤེན་བསྟན་མཐའ་རྒྱས་གླིང་དབུ་འབྱེད་ལ་གཙུག་ལག་ཁང་གི་སྒོ་ཆེན་གྱི་དར་མཚོན་སྣ་ལྔའི་མདུད་བཀྲོལ་གྱི་རྟེན་འབྲེལ་སྒོ་འབྱེད་མཛད།
དེ་ནས་གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་༸སངས་རྒྱས་བསྟན་པའི་གཙོ་བོ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུ་བརྙན་རིན་པོ་ཆེ་སོགས་ལ་སྣང་གསལ་སྒྲོན་མེས་ཞལ་དབྱེ་སོགས་མཛད། དེ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙུག་ལག་ཁང་དུ་མི་འཇིགས་གདོང་ལྔའི་གསེར་ཁྲིར་མངའ་གསོལ་ཞུས་ཤིང་གློ་སྟོད་སྨད་བར་གསུམ་སོགས་ནས་ཕེབས་པའི་དགོན་པ་སོ་སོའི་དབུ་བླ་དང་སྐུ་ཚབ། བལ་ཡུལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི། དགོན་འདི་ཉིད་ཀྱི་བསྟན་སྦྱིན་གཙོ་ཁག་བཅས་བཞུགས་གྲལ་དུ་འཁོད་མཚམས། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བླ་མ་དང་དགེ་སྔགས་བཙུན་གསུམ་ཡོངས་ནས་མཆོད་གཏོར་རྩིས་འགོ་བདུན་པ་དང་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་ཆོ་གའི་གཞུང་བསྲངས་ཏེ། གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་པ་ཇི་སྲིད་འཁོར་བ་མ་སྟོངས་བར་དུ་དེ་སྲིད་དུ་འགྲོ་བའི་དཔལ་དུ། གཞི་བརྟན་པའི་མངའ་དབུལ་རབ་གནས་ཀྱི་ཐུགས་བསྐྱེད་རྒྱ་ཆེར་མཛད་པ་དང་༧གདན་ས་སྨན་རིའི་དགེ་བཤེས་རྒན་པ་གཉིས་ནས་བཀྲ་ཤིས་ཚིག་བཀྲ་གསུངས་པ་སོགས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་ཁག་ལེགས་པར་བསྐྱངས།
དེ་རྗེས་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་བསྩལ་གནང་། དེ་ནས་དགོན་གནས་འདི་ཉིད་གསར་བཞེངས་མཛད་གནང་མཁན་སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནས་དགོན་པའི་རྟེན་དང་བརྟེན་པ་བཅས་ཡོངས་སུ་རྫོགས་པར་གསར་བཞེངས་གནང་བའི་གནས་ཚུལ། བོད་སྐད་དང་བལ་སྐད་དབྱིན་སྐད་བཅས་སྐད་རིགས་གསུམ་གྱི་སྒོ་ནས་བླ་གྲྭ་སེར་སྐྱ་མི་དམངས་ཡོངས་ལ་སྙན་གསན་ཞིབ་ཕྲ་ཞུས། དེ་ནས་པག་གླིང་ཡུལ་གྱི་ཚོགས་ཁང་ཆེན་མོའི་ནང་དམུ་བསུ་སྟང་ཤེས་ཡོན་ཚོགས་པའི་སློབ་མ་རྣམས་དང་། ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་ཕོ་མོ་སོགས་ནས་བཀྲ་ཤིས་དགའ་སྟོན་ལ་གླུ་གར་སོགས་ཀྱི་མཆོད་སྤྲིན་གྱ་ནོམ་པ་རྒྱ་ཆེར་ཕུལ།
མཛད་སྒོ་ཉིན་གཉིས་པ་ཕྱི་ཚེས་ ༡༩ ཉིན་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་སྟོན་འཁོར་བཅས་གློ་བོ་ཆུ་མིག་བརྒྱ་རྩར་གནས་གཟིགས་སུ་ཕེབས། དེའི་ཉིན་དོལ་པོ་དང་གློ་སྟོད་སྨད་བར་གསུམ་ནས་ཕེབས་པའི་སེར་སྐྱ་སྟོང་ཕྲག་མང་པོར་༸ཞྭ་དཀར་བསྟན་པའི་གཙུག་ནོར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་༸རྗེ་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་བཀའ་དབང་ཟབ་མོ་བསྐུར་མཛད་ཅིང་དད་སྦྱིན་རྣམས་ལ་ཐུགས་རྗེ་ལེགས་གསོལ་དང་མི་མང་ལ་མཇལ་ཁ་གནང་། མཛད་སྒོ་ཉིན་མཐའ་མ་ཕྱི་ཚེས་ ༢༠ ཉིན་༸གཤེན་བསྟན་མཐའ་རྒྱས་གླིང་གི་གཙུག་ལག་ཁང་དུ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བླ་གྲྭ་དགེ་བཤེས་སྔགས་འཆང་བཅས་ནས་རྣམ་ཀློང་གཉིས་ཀྱི་བཀྲ་ཤིས་གསོལ་ཞིང་། རྣམ་དཀར་དགེ་ཚོགས་ཅི་མཆིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སླད་དུ་བསྔོ་སྨོན་གྱིས་རྒྱས་ལེགས་པར་བཏབ་མཛད།
དེ་ནས་ཀླུ་བྲག་དགོན་ནས་དགེ་བཤེས་ལུང་རིག་བློ་ལྡན་དང་དགེ་བཤེས་ཀུན་སྐྱོང་རྒྱལ་པོ་གཙོས་ཡུལ་མི་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀླུ་བྲག་ཉམས་ལེན་ཕུག་ཏུ་ཕེབས་ཤིང་། སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་སོགས་གསུངས་ནས་དེར་གནས་གཟིགས་གྲུབ་མཚམས་ཀླུ་བྲག་ཡུལ་མི་རྣམས་ནས་ཕེབས་བསུའི་སེར་འཕྲེང་བསྟར་སྒྲིག་སྔར་སྲོལ་ལྟར་ཞུས་ཤིང་། དེར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་བསྙེན་བཀུར་མང་ཇ་སོགས་གནང་ཞིང་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་༸རྗེ་རིན་པོ་ཆེའི་གསོལ་འདེབས་དང་། མཛད་བཅུ། སྙིང་པོ་རྣམ་གསུམ་སོགས་ཀྱི་ལྗགས་ལུང་གནང་ཞིང་ཕྱྭ་སྲས་ཀེང་ཙེའི་སློབ་གྲྭར་གཟིགས་སྐོར་དང་དགེ་ལས་རྣམས་ལ་བཀའ་སློབ་གནང་ཞིང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གནང་།
དེ་ནས་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་མཆོག་གི་སྒོམ་ཕུག་དུ་༧རྗེ་བླ་མ་རྣམ་གཉིས་དབུ་བཞུགས་ཀྱིས་ཨ་ཁྲིད་ཀྱི་སྔོན་འགྲོ་སོགས་གསུངས། བླ་མ་རྟོགས་ལྡན་དབོན་པོའི་ཞབས་རྗེས་བྱིན་ཅན་དང། ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་ཆིབས་པའི་ཞབས་རྗེས་བཅས། དེར་ཡོད་བླ་མ་གོང་མའི་ཐུན་ར་ཀླུ་བྲག་བླ་མ་ཚུལ་ཁྲིམས་མཆོག་གི་བླ་བྲང་གི་རྟེན་གསུམ་ལ་རྟེན་ཁྲུས་སོགས་གྲུབ་གནང་མཛད་། དེ་ནས་མཁན་པོ་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་དང་དགེ་བཤེས་བསོད་ནམས་རྒྱལ་མཚན། དགེ་བཤེས་ཆོས་འཕེལ། སྨན་པ་མཁས་གྲུབ་བློ་ལྡན། བཙུན་མ་ཤེས་རབ་ལྷ་མོ་སོགས་དམུ་བསུ་སྟང་ཤེས་ཡོན་ཚོགས་པའི་དགེ་ལས་ཐུན་མོང་ནས་ཕེབས་སྐྱེལ་ཞུས་པ་བཞིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སྟོན་འཁོར་རྣམས་གྲོང་ཁྱེར་པོག་རཱ་བརྒྱུད་བལ་ཡུལ་འཕགས་པ་ཤིང་ཀུན་ཉེ་འཁྲིས་སུ་རྟེན་གཞིར་བྱས་པའི་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཞབས་སོར་བདེ་བར་འཁོད་པ་དང་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་དང་སྤྱི་གཉེར་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་སོགས་གྲྭ་ཚང་འདུས་པ་རྒྱ་མཚོས་ཕེབས་བསུ་སེར་འཕྲེང་ཞུས་ཤིང་། གཙུག་ལག་ཁང་དུ་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་གྲྭ་ཚང་ལ་བསྙེན་བཀུར་མང་ཇ་སོགས་གསོལ་བསྩལ་གནང་།
ཕྱི་ཚེས་ ༣༠ ཉིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེར་མཇལ་བཅར་ཞུས་ཤིང་རིན་པོ་ཆེ་རྣམ་གཉིས་ཐུགས་དགྱེས་བཞེས་ངང་གསུང་རབ་གསར་རྙིང་སོགས་ཀྱི་སྐོར་སོགས་ནས་བཀའ་མོལ་ལྷུག་པོ་གནང་།
དེ་ནས་ཕྱི་ཚེས་༠༥ ཉིན་བལ་ཡུལ་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཕེབས། ལྡི་ལི་ནས་ཆིབས་ཐོན་ལམ་བར་དུ་སྨན་རིའི་གྲྭ་ཚང་གཉེར་པ་དང་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་སོགས་ནས་ཕེབས་བསུ་དང་། ཐོབ་རྒྱལ་ལ་འགོར་བོན་གཞིས་མི་མང་དང་། བོན་གཞིས་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག་དང། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ། བཙུན་དགོན་རད་ན་སྨན་གླིང་གི་བཙུན་མ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་སོགས་གདན་ས་སྨན་རིའི་འདུས་པ་རྒྱ་མཚོ་ནས་ཕེབས་བསུ་ཞུས་ཤིང་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་གི་འཆམ་རར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞལ་མཇལ་གནང་ཞིང་བླ་གྲྭ་བོན་གཤེན་རྣམས་ནས་རྔ་གཤང་དུང་གླིང་རོལ་དབྱངས་ཀྱི་སྒོ་ནས་གཤེན་གྱི་མཆོད་རྔའི་མཆོད་སྤྲིན་ཕུལ། བཤད་སྒྲུབ་མཁན་པོ་མཆོག་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་སྔར་སྲོལ་ལྟར་དགེ་འདུན་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་དང་། མི་མང་དང་སློབ་ཕྲུག་བཅས་ལ་གསོལ་ཇ་སོགས་བསྩལ་གནང་མཛད་པའོ། །
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ཟླ་བ་གཉིས་ལྷག་རིང་ཕྱོགས་བསྐྱོད་ཀྱིས་བསྟན་དོན་མཛད་པའི་གནས་བསྡུས་འདི་ཉིད་གང་གི་ཞབས་འབྲེང་བ་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་གྱིས་གནས་བསྡུས་སུ་བྲིས།
༼གོང་གསལ་གནས་བསྡུས་སུ། གོ་རིམ་རྣམས་ས་ཕྱོགས་གང་དུ་ཕེབས་རིམ་གྱི་དུས་སྔ་ཕྱི་ལྟར་བྲིས་ཡིན། དེ་ལྟར་གནས་བསྡུས་སུ་བྲིས་པའི་དགོན་པ་དང་གནས་རི་དང་ཡུལ་སྡེ་གྲོང་སྡེ་སོགས་ཀྱི་མིང་མ་དག་པ་དང་སྔ་ཕྱིའི་གོ་རིམ་འཁྲུགས་པ་དང་།དེ་བཞིན་མི་སྣ་སོགས་ཀྱི་མཚན་གནས་གོ་རིམ་འཛོལ་བ་དང་། མཚན་བཀོད་མེད་པ་སོགས་ནོར་འཁྲུལ་འགལ་འཛོལ་གང་ཞིག་བྱུང་བ་རྣམས་བསམ་བཞིན་དུ་བྱས་པ་མིན་ཀྱང། རང་ཉིད་བརྗེད་ངེས་ཆེ་བ་དང་རང་གི་ཉིན་ཐོ་དུས་ཐོག་ལ་གནས་ཚུལ་མ་བྲིས་པ་སོགས་ཀྱི་རྐྱེན་གྱིས་བྱུང་ཡོད་ངེས། དེས་ན་ཀུན་ལ་བཟོད་གསོལ་ཞུ་བཞིན་ཡོད། ཅི་སྟེ་དོ་བདག་གང་ཞིག་ནས་ལེགས་བཅོས་བླང་དོར་གྱི་གནས་ཚུལ་མཁོ་སྤྲོད་གསལ་པོར་གནང་ཚེ་སླར་ཡང་ཁ་བསྣོན་ཆད་འཐུད་བྱེད་ངེས་ལགས་ན་དེ་དོན་དགོངས་འཇགས་བཅས། ༽
གནས་ཚུལ་འབྲི་བ་པོ། བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན། (ངེད་དྲྭ་ཚིགས་ཁང་གིས་པར་རིས་དག་གོ་རིམ་ནོར་བ་དང་། གནས་ཚུལ་དང་པར་གཉིས་ཆ་མ་འགྲིག་པ་ཤོར་ཡོད་ངེས་པས་ཐུགས་འཇགས་ཞུ་རྒྱུ་དང་། ངེད་དྲྭ་ཚིགས་ཁང་གི་ལམ་སྲོལ་ལྟར་གྱི་ཚིག་རེ་འགའ་སྣོད་འཕྲི་བྱས་ཡོད་པ་བཅས། )