
ཉེ་ཆར་སྤྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས ༧ ཉིན་མཐོ་སྒང་བོད་གངས་ཅན་ལྗོངས་གཞིས་རྩེ་ས་ཁུལ་ལ་སྟོད་དིང་རི་རྫོང་དང་། ལྷ་རྩེ། ངམ་རིང་། ས་སྐྱ། གཞིས་ཀ་རྩེ། གཏིང་སྐྱེས་སོགས་གཙོས་དེའི་ཉེ་འཁོར་གྱི་ས་གནས་ཁག་མང་པོ་ཞིག་ལ་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་ཁག་དང་མི་མང་མང་པོས་གདུང་སེམས་མཉམ་བསྐྱེད་གནང་དང་གནང་བཞིན་ཡོད་འདུག་ལ།



ཁ་རྩང་སྤྱི་ཚེས་ ༨ ཉིན་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་ཡོད་པར་མ་ཟད། དེ་རིང་སྔ་དྲོར་རྒྱལ་བ་སྨན་རིའི་བླ་བྲང་དུ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུས་དཔལ་ལྡན་སྨན་རིའི་བླ་སྤྱི་དང་བླ་མ་དགེ་བཤེས་ཁག་གཅིག་ནས་དུ་ཏྲི་སུའི་ཆོ་གའི་སྒོ་ནས་ཚེ་འདས་བསུར་བསྔོ་དང་གནས་འདྲེན་བྱང་ཆོག གཡུང་དྲུང་ས་བཀོད་སོགས་གནང་བ་དང་།



དེ་བཞིན་༸བོན་གྱི་གདན་ས་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་དུའང་ས་ཡོམ་གྱི་ཁྲོད་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་དང་། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་དང་བཅས་ཚེ་སྒྲུབ་དང་བྱམས་མ་བར་ཆད་ལམ་སེལ་སོགས་ཀྱི་ཞབས་རིམ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས། ༸རྒྱལ་བ་སྨན་རི་བའི་ཐུགས་གསོའི་འཚམས་འཕྲིན་གཟིགས།



