དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁུལ། བོན་གཞིས་ཐོབ་རྒྱལ་གསར་པའི་དབུ་རྩེར་གནས་ཆགས་པའི་ཡོངས་སུ་གྲགས་པ་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རདྣ་སྨན་གླིང་གཉིས་ནས་གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་ཤིང་མོ་སྦྲུལ་ལོའི་བོད་ཟླ་དང་པོའི་ཚེས་ ༡༤ དང་༡༥ ཕྱི་ལོ་༢༠༢༥ ཟླ་༣ པའི་ཚེས་ ༡༣།༡༤ ཉིན་གཉིས་རིང་རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་མོ་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གནས་མཆོག་དམ་པ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ཧྲིལ་པོ་༡༨༠༤༣ འཁོར་བའི་དུས་ཆེན་ཁྱད་པར་ཅན་འཆར་ཅན་ལྟར་འཁྲུངས་མཆོད་ཚོགས་ཡོད་པ་དང་།
དེ་ཡང་གོང་ཚེས་བོད་ཚེས་༡༤ཉིན་གྱི་ཞོགས་པའི་ཕྱག་ཚོད་དྲུག་པ་ནས་བཟུང་<གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་>གི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གསུང་གནང་ཡོད་པ་དང་།

ཧོར་ཟླ་དང་པོའི་ཚེས་ ༡༥ སྟེ་འཁྲུངས་མཆོད་དངོས་ནི་སྨན་རིའི་མཁན་རབས་རིམ་བྱོན་ནས་ད་བར་དུ་མ་ཉམས་རྒྱུན་ཆགས་སུ་འཁྲུངས་མཆོད་སྲུང་རྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཡང་བོད་ཟླ་དང་པོ་དཔྱིད་ཟླ་ར་བའི་ཞག་གི་སྙིང་པོ་ཚེས་པ་བཅོ་ལྔ་དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས་ཐོག་ཕྱག་ཚོད་ལྔ་པ་ནས་བཟུང་འདུལ་ཁང་ཆེན་མོའི་ནང་དུ་རྣམ་དག་འདུལ་བའི་གསོ་སྦྱོང་ཚོགས་ཡོད་པ་དང་། ཞོགས་པའི་ཕྱག་ཚོད་བདུན་པ་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ཆོག་གི་གཞུང་བསྲང་བ་དང་།


ཞོགས་འཚོགས་གྲོལ་མཚམས་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིགས་ཁོང་ནས་སང་ལོར་དགེ་བཤེས་གཏོང་དགོས་ཀྱི་བཀའ་རམས་པ་རྣམས་ཀྱིས་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་རྟེན་འབྲེལ་གྱི་གསོལ་ཇ་འདེགས་འབུལ་ཞུས་ཤིང་རིན་པོ་ཆེ་རྣམ་པ་གཉིས་ནས་བཀའ་རམས་པ་རྣམས་ལ་སྲུང་མདུད་བྱིན་རྟེན་དང་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད། ཕྱི་དྲོའི་ཕྱག་ཚོད་བཞི་པའི་ཐོག་དགེ་སྤྱོད་ཀྱི་བསྐོར་བའི་ཡན་ལག་གསུངས་མཚམས།


སེར་སྐྱ་མི་མང་རྣམས་སྨན་རིའི་ཚོགས་ཁང་ནས་དབུ་བཙུགས་ཏེ་གླིང་སྐོར་ཕེབས་ནས་ཕྱིར་ཚོགས་ཁང་འཆམ་རར་ཞབས་སོར་བཀོད་རྗེས་༸སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་སེར་སྐྱ་མི་མང་རྣམས་ལ་སྡིག་སྒྲིབ་འདག་ཕྱིར་ཁྲུས་གནང་བ་དང་བར་ཆོད་རྐྱེན་བཟློག་ཕྱིར་ཉུལ་ལེ་སོགས་བཀར་གནང་ཡོད།



དགོང་མོ་འདུལ་ཁང་ཡང་སྟེང་ནས་གཟིམས་བརྡ་བཏང་གྲུབ་པ་དང་། འདུལ་ཁང་ཆེན་མོའི་མདུན་ཐང་དུ་སེར་སྐྱ་མི་མང་ཡོངས་ནས་ངན་སོང་དོང་སྤྲུག་གི་སྙིང་པོ་དབྱངས་སུ་གྱེར་བཞིན་མར་མེའི་གླིང་སྐོར་བྱས། དེ་རྗེས་སྟོན་པའི་སྐུ་ཐང་དང་སྐུ་འདྲ་སོགས་ལ་མཇལ་ཁ་ཞུས་ནས་འདུལ་ཁང་དང་། སྒྲུབ་ཁང་། བླ་བྲང་བཅས་སུ་གཤེན་རབ་མཆོད་ལྔ་ཕུལ་གྲུབ་མཚམས། ༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་སྤྲི་གོར་བཏུབ་གནང་ཡོད་པ་དང་། སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་དང་ཁ་ཟས་འདེགས་འབུལ་ཞུས་གནང་ནས་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།





