གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་འགན་ལས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དེ་རིང་བོད་ཤིང་མོ་སྦྲུལ་ལོའི་བོད་ཟླ་དང་པོའི་ཚེས་ ༢༩ དང་སྤྱི་ལོ་ ༢༠༢༥ ཟླ་ ༣ པའི་ཚེས་ ༢༨ ཉིན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་མཐོ་སློབ་གི་སྨན་པ་དང་སློབ་ཕྲུག་རྣམས་གཙོས་བོན་གཞིས་མི་མང་དང་གཞན་ཡང་ཕྱི་རྒྱལ་གྱི་དད་ལྡན་པ་མི་ཉུང་བ་ཞིག་ལ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་གནང་སོང་།

དེ་ཡང་འཆར་ཅན་ལྟར་༸གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ལོ་རེའི་བོད་ཟླ་དང་པོའི་ཟླ་མཇུག་དུ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པའི་སྐབས་དང་བསྟུན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུའང་སློབ་མ་དང་སློབ་ཐོན་པ་སྨན་པ་དགེ་རྒན་བཅས་ལྷན་འཛོམས་ཀྱིས་ཉིན་བདུན་གྱི་རིང་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཡར་མཆོད་མར་སྦྱིན་སྒོ་ནས་སྨན་ལྷའི་གཞུང་བསྲང་གནང་གི་ཡོད་པ་ལྟར་འདི་ལོའི་བོད་ཟླ་དང་པོའི་ཚེས་ ༢༣ ནས་ ༢༩ བར་ཉིན་གྲངས་མདུན་གྱི་རིང་གོང་བཞིན་སྨན་ལྷ་འཚོགས་གནང་ཡོད་པར་མ་ཚད།


མཐོ་སློབ་ཀྱི་འགན་ལས་ཐུན་མོང་ནས་སྨན་གྱི་སློབ་ཕྲུག་གསར་པ་རྣམས་དང་དེ་བཞིན་སློབ་ཐོན་པ་སྨན་པ་སོགས་ལ་དགོས་དམིགས་སུ་བཟུང་ནས་འདི་ལོའི་བོད་ཟླ་དང་པོའི་ ༢༩ ཉིན་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནས་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པར་༸སྐྱབས་རྗེ་མཆོག་ནས་བཀའ་བཞེས་ཟབ་མོ་ཐོབ་སྟེ། དེ་རིང་ཕྱི་དྲོའི་དུས་ཚོད་ ༢ པར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་ཚོགས་ཁང་དུ་མཐོ་སློབ་ཀྱི་འགན་འཛིན་དང་ལས་སྣེ་རྣམས་ཀྱིས་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་གདན་ཞུས་ཀྱིས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྨན་པ་དང་སློབ་ཕྲུག་རྣམས་གཙོས་བོན་གཞིས་མི་མང་དང་གཞན་ཡང་ཕྱི་རྒྱལ་གྱི་དད་ལྡན་པ་མི་ཉུང་བ་ཞིག་ལ་སངས་རྒྱས་སྨན་ལྷའི་བཀའ་དབང་དངོས་སུ་བསྩལ་གནང་ཡོད་པ་དང་།



གཞན་ཡང་སྐབས་དེར་ ༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནས་སྤྱིར་དབང་ལུང་མན་ངག་ཀུན་གལ་ཆེན་པོ་ཡིན་པ་དང་ཁྱད་པར་དུ་སྨན་པ་དང་སྨན་སློབ་རྣམ་པས་སྨན་ལྷའི་དབང་ལུང་མན་ངག་གི་རྒྱུད་པ་ལ་དོ་སྣང་གྱིས་ཞུ་ལེན་དགོས་པ། གཞན་ཡང་སུ་དང་གང་ཞིག་ཡིན་ཡང་སྨན་ལྷའི་དབང་ཞུས་ཤིང་དད་པ་ཡིད་ཆེས་བྱས་ན་སྨན་གྱི་ནུས་པ་ཆེ་བ་ལ་སོགས་ཀྱི་གལ་གནད་དུ་མ་ཡོད་ཚུལ་སོགས་ཀྱི་བཀའ་སློབ་བསྩལ་གནང་སོང་།


དེ་རྗེས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས་གསར་དུ་བཟོ་བསྐྲུན་གནང་བའི་སྨན་རིགས་རྣམས་༸སྐྱབས་རྗེ་མཆོག་ལ་སྤྱན་འབུལ་དང་གཟིགས་ཞིབ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།
