སྨན་རིའི་དགེ་བཤེས་ཤེས་རབ་གཡུང་དྲུང་བསྟན་རྒྱལ་ཉིད་རྫ་སྨོན་རྒྱལ་དགོན་གྱི་མཁན་པོར་ཁྲི་བཞེངས་མཛད་པའི་གནས་བསྡུས།

དེ་རིང་སྟེ་བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༡ པོའི་ཚེས་ ༧ དང་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༣ ཚེས་ ༦ ཉིན་རྡེ་ར་རྡུན་རྫ་སྨོན་རྒྱལ་དགོན་གྱི་གླིང་ཚང་གཞིས་དགོན་གཉིས་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་བྱེས་ཀྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་། སྨན་རིའི་དགེ་བཤེས་ཤེས་རབ་གཡུང་དྲུང་བསྟན་རྒྱལ་ཉིད་རྫ་སྨོན་རྒྱལ་དགོན་པའི་མཁན་པོར་ཁྲི་བཞེངས་ཀྱི་མཛད་སྒོ་ཚོགས་ཡོད་ཅིང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཕྱག་ཚོད་དགུ་བའི་སྟེང་ཚོགས་ཁང་འཆམ་རའི་མདུན་སྒོ་ནས་སྤོས་རྒྱ་གླིང་སོགས་ཀྱི་གདན་ཞུས་འོག་སྨན་རིའི་འདུལ་ཁང་ནང་དུ། སྨན་རིའི་དགེ་བཤེས་ཤེས་རབ་གཡུང་དྲུང་བསྟན་རྒྱལ་ཉིད་ཁྲི་ལ་མངའ་གསོལ་མཛད་ཅིང་།

དེ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚབ་གཙོས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་། དེ་མིན་ཚོགས་སྡེ་དང་དགོན་སྡེ་ཁག་གི་སྐུ་ཚབ་མི་སྣ། གླིང་ཚང་གཞིས་ཆགས་ཀྱི་གཞིས་འགོ་དང་དྲུང་ཡིག་བཅས་སེར་སྐྱ་མི་མང་ཡོངས་ནས་མ་འདལ་མཚོན་བྱེད་ཀྱི་མཆོད་ཚོམས་སྤུངས་ནས་མཇལ་ཁ་གྲུབ་རྗེས། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་འདུས་སྤྱི་ནས་བསྙེན་བཀུར་མང་ཇ་ཕུལ་ཞིང་འདུས་མང་ཡོངས་ནས་འདོན་མཆོད་ཆོ་གའི་རིམ་པ་རྣམས་གནང་ཞིང་ཁྲི་བཞེངས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

འགྲོ་འདྲེན་སྤྲུལ་སྐུ་རྣམ་བཞིའི་ནང་ཚན་རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོའི་སྐུ་འཕྲེང་བདུན་པ་ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་གི་རྒྱལ་པོའི་བྱེས་ཀྱི་གདན་ས་རྡེ་ར་རྡུན་ཁམས་གླིང་ཚང་གཞིས་ཆགས་སུ་ཆགས་བཏབ་པའི་རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་མཁན་པོར་ཁྲི་བཞེངས་གནང་བའི་དགེ་བཤེས་ཤེས་རབ་གཡུང་དྲུང་བསྟན་རྒྱལ་གྱི་ལོ་རྒྱུས་མདོ་བསྡུས།

གོང་སྨོས་དགེ་བཤེས་མཆོག་ནི་ཕྱི་ལོ་༡༩༥༠།ཟླ་ ༤ ཚེས་༡༣ཉིན་ཁམས་གླིང་ཚང་རྒྱལ་པོའི་མངའ་རིས་ཨ་ཁོད་སྡེ་བ་རུ་ཡབ་སྲས་གཡང་དང་། ཡུམ་ཨ་དགའ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་བའི་སྐབས་སུ་རྒྱའི་སློབ་ཆུང་དུ་ལོ་ཤས་རིང་ཕེབས། དེ་ནས་༡༩༧༥བར་མི་མང་ཀུང་ཧྲེའི་འོག་ཞིང་འབྲོག་གི་ལས་ཀའི་འཚོ་བ་རོལ་བ་ལས་དགེ་སྦྱོར་ལ་འདུན་པ་ཙམ་མ་གཏོགས་ཡུལ་དུས་ཀྱི་དབང་གིས་དགེ་སྦྱོར་ལ་འབད་པའི་སྐལ་པ་མ་བྱུང་། ༡༩༧༥ནས་དགེ་སྦྱོར་ཉམས་ལེན་ལ་གཞོལ་རྒྱུའི་འདུན་པ་དྲག་ཏུ་སྐྱེས་ཏེ། ས་གནས་སྲིད་ཇུས་དམ་དྲག་སྔར་མུས་ལྟར་གནས་ནའང་། ༡༩༨༢བར་ས་གནས་ལས་བྱེད་དང་ཡུལ་མིར་རྐང་པ་ཞ་རྫུན་བཏབ་ནས་ལོ་བདུན་རིང་ཉིན་རེ་གསོལ་ཟས་ཐུན་རེས་འགྲིག་པའི་དཀའ་ཐུབ་དང་འབྲེལ་སྨོན་རྒྱལ་མཁན་པོ་སྡེ་སྣོད་རབ་འབྱམས་ཀྱི་མདུན་ནས་ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྔོན་འགྲོའི་ཁྲིད་གཞུང་བཀའ་ལུང་རྒྱ་མཚོའི་ཁྲིད་ཀ་ཞུས་ཤིང་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་མཐར་ཕྱིན་མཛད། དེ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་གུ་ཡངས་ཕྲན་བུ་བྱུང་བ་དང་བསྟུན་ནས་ཀུན་མཁྱེན་ཤར་རྫ་པའི་གདན་ས་ཤར་རྫའི་རི་ཁྲོད་དང་། ཀུན་གྲོལ་འཇའ་ཚོན་སྙིང་པོའི་གདན་ས་གོ་ལམ་གཡུང་དྲུང་གླིང་སོགས་ཁམས་ཕྱོགས་ཀྱི་གནས་རི་བླ་རྟེན་ཁག་མཇལ་སྐོར་རིམ་པས་ཞུས་ཏེ།

ཉག་རོང་རྫོང་དུ་བཞུགས་པའི་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་མཇལ་ཁ་ཞུས། དེའི་སྐབས་ལྷ་སྲས་རིན་པོ་ཆེས་ཉག་རོང་བྱ་བཏང་རི་ཁྲོད་དུ་བཞུགས་པའི་གྲུབ་ཆེན་ཉི་མ་རིན་པོ་ཆེའི་མདུན་དུ་བོན་ཞུ་བར་བཏང་དོན་བཞིན་ཉི་མ་རིན་པོ་ཆེའི་མདུན་ནས་ཟླ་བ་གཅིག་ཙམ་རིང་ཀུན་མཁྱེན་ཤར་རྫ་པས་མཛད་པའི་དངོས་གཞི་སྐུ་གསུམ་རང་ཤར་དང་འབྲེལ་བའི་སེམས་ཁྲིད་ཞུས། དེ་ནས་ཉག་རོང་བྲག་དབེན་སྒྲུབ་ཕུག་ཏུ་ཀུན་གྲོལ་ཧཱུྃཿཆེན་གྱི་གཏེར་མ་ཡི་དམ་སྟག་ལ་ཕུར་ཤམ་ཅན་གྱི་མཚམས་ལ་ཟླ་བ་གཉིས་ཙམ་བཞུགས། དེ་ནས་ཀུན་གྲོལ་ལྷ་སྲས་རིན་པོ་ཆེས་རྒྱ་གར་དུ་འགྲོ་རྒྱུའི་ཞལ་བཀོད་གནང་བ་ལྟར་བློ་ཐག་བཅད་དེ། རིམ་བཞིན་ཉག་ཁོག་དང་ཁྱུང་ཡུལ་གྱི་གནས་དགོན་ཁག་མཇལ་སྐོར་གྲུབ་རྗེས་གནས་མཆོག་ཀོང་པོ་བོན་རིར་སྐོར་ཚད་དེ་སྐོར་བ་བཅུ་གསུམ་དང་གནས་ལ་བརྐྱངས་ཕྱག་གི་སྐོར་བ་གཅིག་ཕུལ། དེ་ནས་དབུས་གཙང་ཁུལ་གྱི་གནས་རྟེན་ཁག་མཇལ་ནས་གནས་མཆོག་གངས་རིན་པོ་ཆེར་སྐོར་བ་སུམ་ཅུ་དང་།

བརྐྱངས་ཕྱག་གི་སྐོར་བ་གཅིག་གྲུབ་རྗེས་སྤུ་རོང་བརྒྱུད་༡༩༨༣ལོར་བལ་ཡུལ་དུ་འབྱོར་ནས་བལ་ཡུལ་གྱི་གནས་ཆེན་ཁག་དང་རྒྱ་གར་བྱང་ཕྱོགས་ཀྱི་གནས་ཆེན་ཕལ་མོ་ཆེ་མཇལ་སྐོར་རིམ་པས་ཞུས་ཏེ་༡༩༨༤ལོར་རྒྱ་གར་བྱང་ཤར་རྡེ་ར་རྡུན་གླིང་གཞིས་ཀྱི་རྫ་སྨོན་རྒྱལ་དགོན་དུ་འབྱོར་ནས་ལོ་གཅིག་ལྷག་ཙམ་རིང་བླ་རྒན་འཕྲིན་ལས་རྒྱ་མཚོས་དགོན་གྱི་དཔེ་དཀོན་ཁག་པར་སྐྲུན་བྱེད་པའི་ཕྱག་རོགས་ལོ་གཅིག་ལྷག་ཙམ་བྱས། དེ་ནས་༡༩༨༥ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་གྲྭར་ཞུགས།  ཕྱི་ལོ་༡༩༩༨ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས།

ཕྱི་ལོ་༡༩༨༧ལོར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་སྨན་རིའི་སྒྲུབ་ཁང་ལྷ་མཆོད་དུ་བསྐོ་བཞག་གནང་བ་ནས་བཟུང་༢༠༠༥བར་ལོ་བཅོ་བརྒྱད་རིང་སྨན་རིའི་སྒྲུབ་ཁང་གི་ལྷ་མཆོད་གནང། དེ་ནས་གླིང་ཚང་གཞིས་ཆགས་ཀྱི་གླིང་ཚང་སྲས་མོ་གཙོས་པའི་མི་མང་རྣམས་དང་། བླ་རྒན་འཕྲིན་ལས་རྒྱ་མཚོ་བཅས་ཀྱི་རེ་ཞུས་ལྟར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་གླིང་གཞིས་རྫ་སྨོན་རྒྱལ་གཡུང་དྲུང་གི་མཁན་པོ་རུ་ཆེད་མངག་གནང་དོན་བཞིན་མི་ལོ་ཉི་ཤུའི་རིང་གླིང་གཞིས་སྡེ་དགོན་གྱི་ཞབས་ཕྱི་བསྒྲུབས་དང་སྒྲུབ་མུས་ཐོག་འདི་ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་མཁན་པོ་རུ་མངའ་གསོལ་ཁྲི་བཞེངས་གནང་བ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

དགེ་བཤེས་གཡུང་དྲུང་ལེགས་ལྡན་གྱིས་༢༠༢༥་༣་༦ཉིན།

༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
previous arrow
next arrow
གཡུང་དྲུང་བོན་གྱི་དྲྭ་རྒྱ།