༄༅། །ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྒོས་སུ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག


གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག བསླབ་གསུམ་བསྟན་པའི་མངའ་བདག་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་།



ཡངས་པའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་རྒུད་པའི་ཚོགས་རྣམས་མྱུར་བར་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ། བསླབ་གསུམ་སྡེ་སྣོད་ལུང་གིས་ཕྱུག་ཅིང་། བརྒྱུད་གསུམ་མངའ་བདག་ངུར་སྨྲིག་གར་དུ་བཞེངས་པའི་དགེ་སློབ་ཡོངས་ཐུགས་མཐུན་ཁྲིམས་གཙང་གིས་འཚོ་ཞིང་།



སྙིགས་མའི་དུས་འདིར་ནད་ཡམས་འཁྲུགས་རྩོད་ཀྱི་འཚེ་བ་རྒོད་པའི་དུས་འདིར། ༧གདན་ས་འདི་གར་ལོ་རེར་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་།ཟླ་དུས་ཀྱི་མཆོད་པ།ཞེས་པ་ལྟར་འདི་ག་༸གཡུང་དྲུང་བོན་གྱི་རྩ་བའི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་ནས་བཟུང་མཆོད་བཤམ་བཅའ་བཟོའི་རིམ་པ་དང་།




དེ་རིང་དེ་ཕྱི་ལོ་༢༠༢༥་ཟླ་༤ ཚེས་༣༠ཞོགས་པའི་ཆུ་ཚོད་༥།༣༠ ནས་དབུ་འཛུགས་གནངས་ནས་ཟླ་༥ ཚེས་༦ བར་རྒྱུ་དང་། བོད་ཟླ་༣ ཚེས་༣ ནས་ཚེས་༩ བར་བདུན་གཅིག་གི་རིང་༸དཔལ་གཤེན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན། གཞི་རིམ་སློབ་མ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་པ་ལགས་ན།



དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༸སྟོན་པ་རྣམ་འདྲེན་བརྒྱད་པ་༸རྒྱལ་བ་གཤེན་རབ་མི་བོ་མཆོག་གི་རྗེས་འཇུག་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། དེ་ལྟར་ཕྱོགས་སོ་སོའི་དད་ལྡན་མོས་བློ་ཅན་རྣམས་ནས་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གསལ་བསྒྲགས་སྔོན་སོང་གི་འབྲེལ་མཐུད་ཁ་བྱང་སོགས་བརྒྱུད་ནས་འབྲེལ་བ་གནང་རོགས་མཁྱེན་བཅས་གནས་བསྡུས་སུ། །