
༧གཤེན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་ནང་འཛིན་རིམ་གོ་རིམ་བཞིན་མི་གཉིས་རེ་ནས་བགྲོ་གླེང་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་སྐབས་སུ་བཤད་སྡེའི་སློབ་སྦྱོང་གི་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་ཟླ་རེར་ཚོགས་དགོས་པའི་གཏན་འབེབས་བྱས་ཤིང་། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོན་བྱས་ཐོག ཁ་སང་དེ་ཕྱི་ལོ་༢༠༢༥ལོའི་ཟླ་༥ཚེས་༨ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་བཅུ་བདུན་པའི་གཙོ་སྐྱོང་བ་བཀའ་རམས་པ་དགེ་ལེགས་ཉི་མ་ལགས་ནས་གནང་ཡོད་ཅིང་།

དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྡེའི་མཚན་ཉིད་དགེ་རྒན་དང་། དགེ་བཤེས། སློབ་གཉེར་བ་ཚང་འཛོམས་ཐོག འཛིན་གྲྭ་གོང་མའི་བཀའ་རམས་པ་ཟླ་བ་གཙུག་ཕུད་ནས་༼ཐེག་པ་དགུའི་སྲུང་བའི་དམ་ཚིག་སྐོར་རགས་ཙམ་གླེང་བ།༽ཞེས་གསུང་བཤད་གནང་ཡོད་པ་དང་།


འཛིན་རིམ་བཅུ་གཅིག་པ་བསོད་ནམས་རབ་བརྟན་ལགས་ནས་༼རྒྱན་དྲུག་ཟ་དྲུག་ན་དྲུག་སྐོར་ངོ་སྤྲོད་མདོར་བསྡུས།༽ཞེས་པའི་སྐོར་ནས་གསུང་བཤད་གནང་། འཛིན་རིམ་བཞི་པ་ཉི་མ་བསྟན་འཛིན་ལགས་ནས་༼ན་ཚ་དང་འཕྲོད་བསྟེན།༽ཞེས་པའི་བརྗོད་བྱའི་ཐོག་གཏམ་བཤད་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བསྡོམས་མི་རེ་ནས་ཆུ་ཚོད་ཕྱེད་ཀ་བཅས་བགྲོ་གླེང་གནང་ཡོད་པ་རེད།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་ཟླ་བ་གཙུག་ཕུད་ལགས་ནས་དབུས་གཏེར་ལུགས་ཀྱི་ལྷ་མི་གཞན་བརྟེན་པའི་སྲུང་བའི་དམ་ཚིག་དང་། རང་རྟོགས་གཤེན་རབ་ཀྱི་སྲུང་བའི་དམ་ཚིག ཐུགས་རྗེ་སེམས་དཔའི་དམ་ཚིག གཡུང་དྲུང་སེམས་དཔའི་དམ་ཚིག བྱ་བ་གཙང་སྤྱོད་ཡེ་བོན་གྱི་དམ་ཚིག རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་དམ་ཚིག དངོས་སྐྱེད་ཐུགས་རྗེ་རོལ་བའི་དམ་ཚིག ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་དམ་ཚིག ཡང་རྩེ་རྫོགས་ཆེན་བླ་མེད་ཀྱི་དམ་ཚིག་བཅས།


དམ་ཚིག་གི་ངོ་བོ་དང་ཁྱད་པར། ཕྲ་རགས། ལྷ་དང་མི། གཉེན་སོགས་ལ་སྲུང་དགོས་པའི་དམ་ཚིག་སྐོར་ནས་གཏམ་བཤད་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་ཡོད་པ་རེད།

གཏམ་བཤད་པ་གཉིས་པ་རྫོགས་ཆེན་འཛིན་རིམ་བཅུ་གཅིག་པ་བསོད་ནམས་རབ་བརྟན་ལགས་ནས་རྒྱན་དྲུག་ཟ་དྲུག་ན་དྲུག་སྐོར་གྱི་བརྗོད་བྱ་སྡེ་ཚན་བཅུ་གསུམ་དུ་དབྱེ་བགོས་ཕྱེས་ཡོད་ཅིང་།
༡ ཟ་དྲུག་ན་དྲུག་ཅེས་པའི་གོ་དོན་དང་མིང་གི་རྣམ་གྲངས།
༢ཟ་དྲུག་ན་དྲུག་གི་བྱུང་རིམ་དང་འཕེལ་རིམ།
༣ལུང་ཁུངས་མི་འདྲ་བ་གསུམ་ལས་རྒྱན་དྲུག་མིང་མི་འདྲ་བ་བྱུང་ཚུལ།
༤རྒྱན་དྲུག་ལྷའི་སྤྲུལ་བ་བཅུར་ངོས་འཛིན་པ།
༥རྒྱན་དྲུག་གི་སྐུ་མདོག་དང་རྒྱན་ཚུལ་བཤད་པ།
༦ རྒྱན་དྲུག་ཅི་ལྟར་བྱས་ནས་ཐོབ་ཚུལ།
༧རྒྱན་དྲུག་ཉམས་ལེན་གྱི་དཔེ་དོན་དང་སྦྱར་ཚུལ།
༨དོན་ཆེད་ཅིའི་ཕྱིར་རྒྱན་པ།


༩གསུང་རབ་གླེགས་བམ་ལ་ཟ་དྲུག་རྒྱན་ཚུལ།
༡༠སྐུ་གདུང་མཆོད་རྟེན་ལ་ཟ་དྲུག་རྒྱན་ཚུལ།
༡༡ན་དྲུག་སྐོར་གོང་ལྟར་དུ་ཞིབ་ཕྲ་བསྟན་ཚུལ།
༡༢ རྟེན་ལ་རྒྱན་དྲུག་མ་ཚང་བའི་སྐྱོན་བསྟན་པ།
༡༣ཞོར་འཕྲོས་གཞན་བཤད་སྡེའི་བཤད་སྲོལ་ལ་མི་རྨོངས་པ་བྱེད་པ་བཅས་དཔྱད་རྩོམ་སྒྲོག་སྦྱོང་སྐར་མ་བཅོ་ལྔ་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བཅས་གནང་ཡོད་པ་རེད།

གཏམ་བཤད་པ་བཞི་པ་ས་ལམ་འཛིན་གྲྭའི་སློབ་གཉེར་བ་ཉི་མ་བསྟན་འཛིན་ལགས་ནས་གོང་གསལ་གྱི་བརྗོད་བྱའི་སྐོར་ནས། འཕྲོད་བསྟེན་གྱི་གོ་དོན་དང་། གཙང་སྦྲ་དང་འཕྲོད་བསྟེན་གཉིས་ཀྱི་འབྲེལ་བ། ཟས་སྤྱོད་ཐད་ནས་གཙང་སྦྲ་བྱེད་ཕྱོགས། ཟས་སྤྱོད་སྙོམས་སྒྲིག་ཅི་ལྟར་བྱེད་ཕྱོགས།


འཕྲོད་བསྟེན་གལ་གནད་ལུས་སེམས་གཉིས་སྐྱིད་པོ་ཡོང་ཐབས་བཅས་གཏམ་བཤད་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་གནང་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༧ པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༥། ༥། ༩ཉིན།
