
ཞྭ་དཀར་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༣ མེ་ཕོ་རྟ་ཡི་ལོའི་བོད་ཟླ་ ༠༡ པོའི་བོད་ཚེས་ ༤ དང་ ༥ སྤྱི་ལོ་ ༢༠༢༦ ལོའི་ཟླ་༢ ཚེས་ ༢༡ དང་༢༢ ཉིན་གཉིས་རིང་། འཛམ་གླིང་བོན་གྱི་གཙུག་རྒྱན་ཆེན་མོ་རྒྱལ་བ་གཉིས་པར་གྲགས་པའི་བརྒྱུད་གསུམ་བོན་གྱི་འདུས་སོ། ༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་ཧྲིལ་པོ་ ༦༧༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་འཚོགས་ཡོད་པ་རེད།


ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་གྲུབ་མཚམས། དུས་ཚོད་ ༦ པའི་ཐོག་འཚོགས་བརྡ་དང་བཅས་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེར་བར་གཤེགས་པ་སྟོང་གི་མཚན་སོགས་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་གནང་ཡོད་པ་དང་།



ཚེས་པ་ལྔ་ཉིན་ཞོགས་འཚོགས་གྲོལ་མཚམས་ ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོས་གྲྭ་ཚང་འདུས་མང་ནས་བསྟན་པའི་བ་དན་ཆེན་མོ་མཁའ་དབྱིངས་སུ་བསླངས་ནས་རབ་གནས་དང་ལྷ་རྒྱལ་གསོལ་གྲུབ་རྗེས། སེར་འཕྲེང་དང་བཅས་བཅས་ཏེ་འཆམ་རར་ཕེབས་མཚམས་གཙུག་ལག་ཁང་གི་མདུན་ཐང་དུ་རྣམ་དག་འདུལ་བའི་གསོ་སྦྱོང་རྒྱས་པར་གསུང་གནང་བ་དང་། དེ་རྗེས་ཕྱི་སྐོར་སེར་འཕྲེང་གྲུབ་མཚམས་སྒོ་འཁྱམས་སུ་གཤེན་རབ་མཆོད་རྔ་བརྡུངས་ནས་འདུལ་ཁང་དུ་གཡུང་དྲུང་ཀློང་རྒྱས་ཀྱི་སྨད་ཆོག་རྣམས་གསུངས་གནང་མཛད་ཡོད་པ་དང་སྐབས་དེར་



༧རྗེ་ཡི་ཞལ་ནས། ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན། རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། རྗེས་འཇུག་འགྲོ་བའི་དོན་ཆེད་དུ། བྱ་རྒྱལ་རྒོད་དུ་སྤྲུལ་ནས་ཀྱང་། མངོན་སུམ་འབྱོན་པར་ཞལ་བཞེས་ནས། ནུབ་ཕྱོགས་བདེ་ཆེན་གཤེགས་པར་མཐོང་། གསུང་པ་ལྟར་དུ་བྱུང་ཞིང་།



དེ་རྗེས་དགེ་བཤེས་དང་གྲྭ་བཙུན་རྣམ་པ་ཀུན་འཆད་ར་གཡུང་དྲུང་དགའ་ཚལ་དུ་རིག་ལམ་རྟགས་གསལ་ཀྱི་རྩོད་པ་དང་། གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་གནང་ཞིང་།


ཕྱི་དྲོར་ཡང་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་འཚོགས་གྲོལ་ཏེ། ཡར་འཚོགས་སྐབས་བླ་བྲང་ནས་སྤོས་རྒྱས་སྣེ་དྲངས་ཏེ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གདན་དྲངས་ཤིང་དེའི་རྗེས་སུ་སྒྲུབ་ཐོན་པའི་ཕྱག་འཁྱེར་དང་འདི་ལོའི་༸སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྒྲུབ་ཐོན་པ་རྣམས་བླ་བྲང་མདུན་ནས་འདུལ་ཁང་དུ་གདན་འདྲེན་ཞུས་ཤིང་། ཕྱི་ཇ་གྲུབ་བཞེས་གྲུབ་རྗེས་ཚོགས་ཆེན་དགེ་སྐོས་མཆོག་ནས་ཚོགས་གཏམ་དང་། གྲྭ་ཚང་གཉེར་པ་ལགས་ནས་སྨན་རིའི་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་སྙན་སྒྲོན་གནང་ཡོད་པ་དང་།



དེ་རྗེས་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་སྒྲིགས་ཁུར་དང་སྡོམ་པ་རང་སྲུང་གི་སྒོ་ནས་ཀུན་སྤྱོད་ཡག་པོ་གནང་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་པ་དང་།


གཞན་ཡང་༸གདན་ས་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་བཞི་པའི་སྒྲུབ་ཐོན་པ་བརྒྱད་པོ་ལ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་སྒྲུབ་གྲྭ་མཐར་ཕྱིན་གྱི་ཕྱག་འཁྱེར་དང་མགུལ་དར་བཅས་བསྩལ་གནང་རྗེས་འདུས་མང་ནས་བར་ཆད་ལམ་སེལ་གསུང་ཞིང་འཚོགས་གྲོལ།



དེ་ནས་གཙུག་ལག་ཁང་དུ་སྒྲུབ་ཐོན་པ་རྣམས་ལ་ཁྲི་བཞེངས་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་རྒྱ་རྔ་དང་བཅས་ཏེ་འཚོགས་ཤིང་སྨོན་ལམ་རྣམས་གསུམ་རྒྱུན་ལྡན་ལྟར་གསུངས་ཤིང་།



དགོང་དྲོར་མར་མེའི་མཆོད་པ་ཕུལ་ཞིང་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ལ་མཇལ་ཁ་ཞུས་པ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་གནང་རྗེས། བཀའ་རམས་པ་རྒན་པ་གཉིས་རྟེན་འབྲེལ་གྱི་རྟགས་གསལ་རྩོད་ལན་སོགས་གྲུབ་མཚམས་སྨན་རིའི་འདུལ་ཁང་ཆེན་མོ་དང་། སྒྲུབ་ཁང་། བླ་བྲང་བཅས་སུ་གཤེན་རབ་མཆོད་རྔ་བརྡུང་ཞིང་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་ཞུས་ཏེ་འཁྲུངས་མཆོད་ཀྱི་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། ༢༠༢༦ ཟླ་ ༢ ཚེས་ ༢༢ ཉིན།













