བོན་ལུགས་དང་འབྲེལ་ནས་བོད་ཀྱི་རིག་གནས་ཀྱི་ཐོག་མའི་བྱུང་ཁུངས་ལ་དཔྱད་པ།

IMG_0898-1024x846རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་དཔྱོད་ཚོགས་འདུ་རྒྱལ་ས་པེ་ཅིན་དུ་འཚོགས་པའི་སྟེང་གི་གཏམ་བཤད།
ཡེ་དབང་སྲིད་པའི་རྒྱལ་པོ་རིགས་ལྔ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། ། དེ་ནས་འདིར་བཤད་པར་བྱ་བ་ནི། འགྲོ་བ་མིའི་རིགས་གང་ཡིན་ཡང་བསམ་པ་བཟང་པོ་ཤེས་པ་གསལ་བོ་བློ་དྲང་བོར་གནས་པ་ཞིག་ཡིན་ན་མི་རིགས་རང་གི་ཐོག་མའི་ལོ་རྒྱུས་ལ་དཔྱད་དེ་མི་རིགས་རང་གི་ཐོག་མའི་དུས་ལ་དཔྱོད་པ་དང༌། མི་རིགས་རང་གི་རིགས་རྒྱུད་ཀྱི་ཁུངས་འཚོལ་བ་དང་། མི་རིགས་རང་གི་རིག་གནས་གསར་གཏོད་བྱེད་མཁན་སུ་ཡིན་དཔྱོད་པ་དང༌། མི་རིགས་རང་གི་བློ་གྲོས་སམ་ཤེས་རབ་ཅན་གྱི་ཐོག་མ་སུ་ཡིན་སོགས་དཔྱད་ཐུབ་ན། མི་རིགས་རང་ལ་ཐོག་མར་བཀའ་དྲིན་ཆེ་བ་དང་མཛད་རྗེས་བླ་ན་མེད་པ་དག་སུ་ཡིན་ཤེས་ཐུབ། དེ་ལ་ཐོག་མར་བོད་མི་རིགས་འདི་དུས་ནམ་ཞིག་ནས་ཡོད་སྙམ་ན། འདི་ལྟར་ཆོས་གཞུང་མངོན་པ་མཛོད་སོགས་ཀྱི་བཤད་ཚུལ་དང་འབྲེལ་དཔྲ་སྟོན་པཎྚི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འཇིག་རྟེན་སྣོད་བཅུད་ཀྱི་རྣམ་བཞག་ཉེར་མཁོ་རབ་གསལ་ལས། ནང་བཅུད་སེམས་ཅན་གྲོལ་ཚུལ་བཤད་པའི་སྐབས་སུ་རྩ་རྒྱུད་ཉི་ཟེར་སྒྲོན་མ་དང༌། བསྒྲགས་བྱང་སོགས་ཀྱི་དགོངས་དོན་གཞིར་བཟུང་ནས་གསུངས་པའི་དོན་འདིར་ཡང་བསྡུས་ཏེ་འཆད་པ་ནི།

ཐོག་མར་སྲིད་པ་ཆགས་སྐབས་གཞིའི་ངང་ལས་དབྱིངས་དང་ཡེ་ཤེས་ཀྱི་རྩལ་ལས་རྣམ་རྟོག་གཡོས་ཏེ་གཟུང་འཛིན་དུ་ཞེན་པས་འཁྲུལ་ཞིང་འཁོར་བ་ན། རང་གི་ལས་སྣང་སོ་སོའི་བྱེད་པ་ལ་བརྟེན་ནས་ཡོད་ཁམས་དང་མེད་ཁམས་གཉིས་སུ་བྱུང༌། ཞེས་དང༌། དེ་ནས་སངས་རྒྱས་ཀྱི་ཐུགས་བསྐྱེད་ལས་ཡོད་ཁམས་སྲིད་པའི་རྒྱལ་པོ་དང༌། བདུད་ཀྱི་སྨོན་ལམ་ལས་མེད་ཁམས་སྟོང་བའི་རྒྱལ་པོ་གཉིས་སུ་སྲིད་ནས་སྲིད་པ་ཐམས་ཅད་གྲོལ་ཞེས་སོགས་ཆོས་ལུགས་ཀྱི་གཞུང་ནས་བཤད་པ་དང༌། ཡང་ཡོད་ཁམས་སྲིད་པའི་རྒྱལ་པོ་སྲིད་པ་སངས་པོ་འབུམ་ཁྲིའམ་སྣང་བ་འོད་ལྡན་དང་ཡུམ་ཆུ་ལྕམ་འཕྲུལ་གྱི་རྒྱལ་མོ་གཉིས་ལ། སྲས་ཕོ་མོ་བཅོ་བརྒྱད་བྱུང་བ་དེའི་རྒྱུད་ལས་དུས་བཞིའི་རྒྱལ་མོ་སོགས་ཕན་བྱེད་སྐྱོབ་པའི་ལྷ་ཁམས་ཐམས་ཅད་གྲོལ། མེད་ཁམས་སྟོང་བའི་རྒྱལ་པོ་དང༌བསྐལ་བ་མེད་འབུམ་ནག་མོ་གཉིས་ལས་ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང་བ་དེའི་རྒྱུད་ལས། བདུད་དང་སྲིན་པོ་དང་། བཙན་དང་གཤིན་རྗེ་དང་གནོད་སྦྱིན་སོགས་གནོད་བྱེད་བདུད་ཁམས་ཐམས་ཅད་བྱུང(ལོ་རྒྱུས་རྣམས་སུ། མངའ་མཛད་བཅུའམ་བཅུ་གཉིས་སོགས་བཤད་པ་དེ་དག་གི་གྲོལ་ཕུག་ཀྱང་འདི་ལ་ཐུག་གོ)། ཞེས་བཤད། སྲིད་པ་ཆགས་པའི་སྔོན་གྱི་ཤེད་ཅན་དང༌། ཤེད་བདག་དང་ཤེད་བུ་དང༌། ཤེད་ལས་སྐྱེས་ཏེ་བཞི་བྱུང་བ་ལས་གླིང་སོ་སོའི་མི་རྣམས་དང༌། དེ་ལས་ཀྱང༌། ཤེད་ལས་སྐྱེས་དང་ལྷ་མོ་ཡིད་གསལ་མ་གཉིས་ལ་སྲས་བཞི་བྱུང་བ་ནི། རྫུ་འཕྲུལ་ཅན་དང་སྟོབས་ལྡན་དང་འོད་ཅན་དང༌། སྒྲ་གཅན་དང་བཞི་བྱུང༌། དེའི་ནང་གི་རྫུ་འཕྲུལ་ཅན་གྱི་རྒྱུད་ལས་འཛམ་གླིང་གི་མི་རྣམས་གྲོལ་ཞེས་སྲིད་པའི་མཛོད་ཕུག་སོགས་སྟོན་པ་གཤེན་རབ་ཀྱིས་སྲས་ལུང་འདྲེན་གསལ་བ་ལ་གསུངས་པའི་སྐབས་སུ་སྟེ། སྲས་སྤྲུལ་མདོ་ལས་གསུངས་སོ། །འཛམ་གླིང་གི་མི་གྲུང་ཤེས་མཆོག་ཏུ་གྱུར་བ་ནི། སྲིད་པ་ཡེ་སྨོན་འཕྲུལ་གྱི་རྒྱལ་པོ(མང་བཀུར་རྒྱལ་པོ)དང་ཆུ་རླུང་རྫུ་འཕྲུལ་མ་གཉིས་ཀྱི་སྲས་སུ་ཕྱྭ་རྗེ་སྒམ་པོ་དང༌། དམུ་རྗེ་བཙན་པོ་དང༌། གཙུག་རྗེ་ཨོས་ཀོ་དང་གསུམ་བྱུང༌། ཕྱྭ་རྗེ་སྒམ་པོ་ལས། ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོ། ཐུགས་དཀར་ཐུགས་དམར་དགུ་རྒྱུད། ཕྱྭ་རབས་མཆེད་བཞི་འཛམ་གླིང་གི་ཡུལ་ལྷ་གཞི་བདག་ཐམས་ཅད་གྲོལ། དམུ་རྗེ་བཙན་པོའི་གདུང་ལས། རྒྱལ་རིགས་བྲམ་ཟེའི་རིགས། རྗེའུ་རིགས་དམངས་རིགས་བཞི་བྱུང༌། རྒྱལ་རིགས་ཀྱི་རྒྱུད་ལ་འཁོར་ལོ་དབང་བསྒྱུར། དྲུམས་ཤིང་བཅུད་འཐུང༌། མེ་ཏོག་སྦུབས་གནས། སྨྲ་མི་གྲོང་བདུན་གྱི་མི་རྣམས་བྱུང་། ཚེ་ལོ་ཉི་ཁྲིའི་དུས་སུ། རྗེའི་རིགས་ཀྱི་རྒྱུད་ལ་ཞང་ཞུང༌། ཏ་ཟིག བལ་བོའི་མི་རིགས་གསུམ་བྱུང༌། བྲམ་ཟེའི་རྒྱུད་ལས་ཀྱང༌རྒྱ་གར། ཕྲོམ། ལི་བལ་གྱི་མི་རིགས་བྱུང༌། དམངས་རིགས་ཀྱི་རྒྱུད་ལ་ཐོད་དཀར། ཟ་ཧོར། གར་ལོག་གི་མི་རིགས་བྱུང༌། ཡང་ཚེ་ལོ་ཁྲི་དང་སྟོང་གི་བར་ཙམ་ན། ཐུགས་དཀར་བུ་དགུའི་གདུང་ལས་ཐུགས་དཀར་ལ་ཁྲའི་རྒྱུད་རྒྱལ་བུ་མཐེང་གེའི་སྲས་རྒྱུད་ལ་རྒྱ་བོད་ཧོར་གསུམ་གྱི་མི་རིགས་བྱུང་ཞེས་བཤད་པ་འདིས། རྒྱ་བོད་ཧོར་གསུམ་ནི་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡིན་པ་དང༌། དུས་མཉམ་པ་དང༌དུས་ནི་ཚེ་ལོ་ཁྲི་བ་ཞེས་པར་མཛོད་རང་ལུགས་ཀྱི་མི་ལོ་ཉིས་བརྒྱ་ནས་གཅིག་ཕྲི་བའི་དབང་དུ་བྱས་ན། མི་ལོ་ཁྲི་ཕྲག་ཉིས་བརྒྱ་སྟེ། འབུམ་ཕྲག་ཉི་ཤུ་ཙམ་ཡིན་པ་ལུང་གིས་གྲུབ་ལ་སྟོན་པ་གཤེན་རབ་ཀྱི་གསུང་ལ་ཡིད་ཆེས་ན། ཞིབ་རྩིས་བྱས་ན་མ་མཐའ་ཡང་རྒྱ་བོད་ཧོར་གསུམ་གྱི་མི་རིགས་འདི་མི་ལོ་འབུམ་ཕྲག་དུ་མའི་སྔོན་ནས་བྱུང་ཞིང༌རིགས་པས་ཀྱང་རྒྱ་བོད་ཧོར་གསུམ་གྱི་མི་རིགས་འདིའི་བཞིན་རས་དང་ལུས་ཚད་ཆེ་ཆུང༌། ས་གནས་ཀྱི་བབ་གང་ལ་བརྟག་ཀྱང་བློ་ངོར་མི་བདེ་བ་ཅི་ཡང་མེད་སྙམ་པ་ཞིག་འཆར་རོ། །ཡང་བོད་སྤྱི་ནི་ཕྱྭ་རྗེའི་རྒྱུད་དང་བོད་ཀྱི་རྒྱལ་པོ་ནི་དམུ་རྗེ་བཙན་པོའི་གདུང་རྒྱུད་འཁོར་ལོ་དབང་སྒྱུར་གྱི་རྒྱུད་ཡིན་ཞེས་བཤད་པའང་མི་འགལ་ཏེ། ཕྱྭ་རྗེ་དང་དམུ་རྗེ་གཉིས་ཕ་མ་གཅིག་པའི་སྤུན་ཡིན་པ་གོང་དུ་བཤད་པ་ལྟར་རོ། །བོད་ཀྱི་རུས་རྒྱུད་ཀྱང༌དཔྲ་སྟོན་སོགས་ཀྱིས་མཁས་པ་སྔ་མའི་གསུང་རྒྱུན་ལྟར། དཔྲ་དང༌། འབྲུ་དང༌། སྒ་དང༌། ལྡོང་དང༌། སྒོ་དང༌། དཔའ་བདའ་རྣམས་ཡོད་ཅེས་བཤད་པ་དང་བོད་མི་ཁྲི་དོ་ཆེན་པོ་དྲུག་བྱ་བ་ལ་བུ་དྲུག་བྱུང་བ་ནི། དཔྲ་འབྲུ་ལྡོང་གསུམ་སྒ་དང་བཞི། །ནུ་བོ་དཔའ་བདའ་གཉིས་དང་དྲུག ། ཅེས་བཤད་ཚུལ་ཕལ་ཆེར་མཐུན་ལ་ལོ་རྒྱུས་ཀྱི་ཡི་གེ་མང་པོར་གསལ་བས་འདིར་མང་དུ་དོགས། དེས་ན་བོད་མི་རིགས་ཀྱི་རིག་གནས་གསར་གཏོད་བྱེད་མཁན་ཏེ་བློ་གྲོས་ཅན་གྱི་ཐོག་མ་སུ་ཡིན་ཞེ་ན། གྲུབ་མཐའི་ཕྱོགས་འཛིན་གྱི་དབང་དུ་མ་སོང༌། རང་ཉིད་གང་ལ་དགའ་བའི་ཕྱོགས་སུ་མ་ལྷུང་བར་དྲང་པོར་དཔྱད་ན་སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་ཡིན། འོ་ན་སྟོན་པ་གཤེན་རབ་མ་བྱོན་གོང་དུ་བོད་ན་བོན་པོ་ཨེ་ཡོད་ཅེ་ན་ཡོད་དེ་གདོད་མའི་བོན་ཞེས་བརྗོད་པ་དེ་ཡོད་ཀྱང་གྲུབ་མཐའི་གཞུང་ལུགས་མེད། ཡང་དག་པའི་བོན་མིན། དེ་ཕྱིར་སྟོན་པ་གཤེན་རབ་ཀྱི་བོན་ལ་གཡུང་དྲུང་གི་བོན་ཞེས་བརྗོད་ལ། སངས་རྒྱས་ཀྱི་བསྟན་པ་དང་དོན་གཅིག་པས་ན་སངས་རྒྱས་ཀྱི་བསྟན་པའི་ཐོག་མ་ཡིན། དེ་ཡང་དཔེར་ན་རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌ཆོས་ཡོད་ཀྱང༌ཕྱི་རོལ་བའི་ཆོས་ཡིན་པས་ཡང་དག་པར་མི་འདོད། དེ་ཕྱིར་ཐུབ་པའི་ཆོས་ལ་དམ་པའི་ཆོས་ཞེས་བརྗོད་པ་ལྟ་བུའོ། །དེས་ན་སྟོན་པ་གཤེན་རབ་ཀྱིས་ཞང་བོད་དུ་རིག་པའི་གནས་ཆེན་པོའི་གཞུང་ལུགས་གསར་གཏོད་གནང་བ་ནི།

༼ ༡ ༽
ཐོག་མར་ཞང་ཞུང་དུ་བཟོ་རིག་སོགས་རིག་པའི་གནས་དང་རྒྱུའི་ཐེག་པ་བཞི་དང༌། དེ་ནས་ནང་དོན་རིག་པའི་གཙོ་བོ་འབྲས་བུའི་ཐེག་པ་བཞི་དང༌ཁྱད་པར་དུ་བླ་མེད་ཀྱི་ཐེག་པ་རྣམས་གཏན་ལ་ཕབ་པ་ཡིན། དེ་ཡང་སྟོན་པ་གཤེན་རབ་ནི་དང་པོ་ནས་སངས་རྒྱས་ཟིན་པ་ཡིན་ཕྱིར་སྲིད་པ་སངས་པོ་འབུམ་ཁྲིའི་དགོངས་པ་ཇི་བཞིན་བཟོ་རིག་གཏན་ལ་ཕབ་ཚེ། བཟོ་རིག་འབུམ་གསུམ་གསུངས་པ་ནི། བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ། སྲིད་པ་མིའུ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ་དང་གསུམ། སློབ་མ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཏད། དེ་ལ་སློབ་མ་མཁས་པ་དྲུག་བྱོན་པ་ནི། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པདྨ། བྲིས་ལ་མཁས་པ་ཡི་གེ་བྲིས་ཆུང་སྟེ་དྲུག་གོ །ཁྱད་པར་བོད་ཡུལ་དུ། སྟོན་པ་གཤེན་རབ་དགུང་ལོ་ཉི་ཤུའི་ནང་སྐུ་དངོས་སུ་བྱོན་ནས་བོད་ཀྱི་བོན་པོ་རྣམས་ལ་རྒྱུ་བོན་གྱི་བཀའ་ལུང་གནང་བས། བོད་ཀྱི་གདོད་མའི་བོན་གྱི་རྣམ་པ་འགྱུར་ནས་ཡང་དག་པའི་བོན་ཏེ་ཐུན་མོང་གི་རིག་གནས་དར་སྤེལ་མཛད། མ་འོངས་པ་ན་བོད་ཡུལ་དུ་འབྲས་བུའི་བོན་དར་བའི་ཐུགས་སྨོན་གནང་བས་གཉའ་ཁྲི་བཙད་པོ་བྱོན་སྐབས་བོད་ཤེས་པ་ཅན་བཅུ་གཉིས་ཡོད་པ་དང༌། གཤེན་ནམ་མཁའ་སྣང་བ་མདོག་ཅན་དབུ་བླར་བྱོན་ནས་འབྲས་བུའི་བོན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་སོགས་དར་བ་ཡིན་ནོ། །བོད་ཤེས་པ་ཅན་བཅུ་གཉིས་ཞེས་པའང༌ཤེས་བྱ་རིག་པའི་གནས་ཡོན་ཏན་སྣ་ཁ་མི་གཅིག་པའི་སྐོར་བཅུ་གཉིས་ལ་བཤད་པ་ཡིན་ཏེ། བཤད་ཚུལ་ལ་ལར་རྫི་བོ་མི་བཅུ་གཉིས་ཀྱིས་ཞེས་པ་ལྟར་སྣང་ཡང༌། དེ་ཙམ་མིན་ཏེ། ཐོག་མར་རྫི་བོ་རྣམས་ཀྱིས་མཐོང་ན་ཡང༌རྒྱལ་པོར་བཀུར་མཁན་ནི། སྐབས་དེའི་ཡུལ་གྱི་མི་ཤེས་པ་ཡོན་ཏན་པ། དབང་ཐང་ཅན། བློ་རིག་ལྡན་པ་རྣམས་ཀྱིས་གྲོས་བྱས་ནས་ཡུལ་ཁམས་ཀྱི་རྒྱལ་པོར་མངའ་གསོལ་བ་ལ་གྲོས་འཆམ་བྱུང་བ་ཡིན་ནོ། །དེས་ན་སྟོན་པ་གཤེན་རབ་མ་བྱོན་གོང་དུ་བོད་ལ་བཟོ་རིག་མེད་དམ་ཞེ་ན། བཟོ་རིག་པའི་གཞུང་ལུགས་མེད་ལ། བཟོ་རིག་ཙམ་ནི། དཔེར་ན། བསྐལ་པ་དང་པོའི་མི་རྣམས་ཀྱིས་ཐོག་མར་འདུག་གནས་ཆར་སྐྱོབ་གད་སྐྱིབས་བྲག་ཕུག་སོགས་བཙལ་ཤེས་པ་ནས་རྩི་ཤིང་གི་སྤྱིལ་བུ་སོགས་ཡིད་ལ་ཤར། དེ་ནས་རིམ་བཞིན་ཤེས་པ་ཇེ་གསལ། ལག་པ་ཇེ་བདེ་བྱུང་བས་སྡོད་གནས་སུ་ཁང་བ་ལས་ཤེས་ཤིང༌། ཟས་གོས་སོགས་འཚོ་བ་རོལ་ཇེ་ཤེས། དེ་ནས་ལོ་རྒྱུས་རྣམས་སུ། མངའ་མཛད་རྣམས་ཀྱིས་རིམ་བཞིན་དབང་བསྒྱུར་ཚེ། ཚུར་གནོད་པ་བྱས་ན་ལན་སྤྲོད་ཤེས་པ་བྱུང་བས་མཚོན་ཆ་མདའ་གཞུ། སྟ་རེ་དང་དགྲ་སྟ། མདུང་དང་སྒྱོགས་རྡོ། གྲི་དང་ཆུ་གྲི། ཞགས་པ་དང་འུར་རྡོ་འཕེན་པ། གོ་ཆ་ཕུབ་ཆུང༌། རྩེ་གསུམ་སོགས། ཤིང་དང་རུས་པ། རྡོ་དང་ཟངས་ལྕགས་སོགས་ཀྱིས་རིམ་བཞིན་ལས་ཤེས་པ་བྱུང༌། རི་དྭགས་དང་གཡུང་དྭགས་བཀོལ་ཤེས་ཤིང༌། དེའི་ཤ་ཁྲག་ལ་བཟའ་བཏུང༌། པགས་པ་ལ་གྱོན་ཆས། རུས་པ་ལ་ཅ་ལག་བཟོ་ཤེས་པ་བྱུང་བ་བོན་ལུགས་ཀྱི་ལོ་རྒྱུས་སྔ་མ་རྣམས་དང༌གཞན་བཀའ་ཐང་སྡེ་ལྔ། ལྡེའུ་ཆོས་འབྱུང༌། མཁས་པའི་དགའ་སྟོན་སོགས་ཞལ་མཐུན། སྟོན་པ་བྱོན་ནས་བཟོ་རིག་གི་གཞུང་ལུགས་ངེས་ཅན་ཡོད་པས་ལྷ་ཁང་བཞེངས་པའང་དཀྱིལ་འཁོར་གྱི་གཞལ་ཡས་ཁང་ལྟར་རྒྱ་ཆེ་ཆུང་ཚད་དང་ལྡན་པ་མཚན་ཉིད་ཚང་བ་ཡིན་པས། མཛད་པ་བཅུ་གཉིས་ཀྱི་ནང་དུ་ཆོ་ག་ཆེན་པོ་བཅུ་གཉིས་ཀྱི་དཀྱིལ་འཁོར་ཐམས་ཅད་བཞེངས་པ་དང༌ན་བཟའ་ཕྱག་ཆ་རྒྱན་ཆས་མཆོད་རྫས་རོལ་མོའི་བྱེ་བྲག་ཇི་སྙེད་པ་ཞིག་བཟོ་བསྐྲུན་མཛད། དེ་རྗེས་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང༌། མཁར་ཕྱིང་བ་སྟག་རྩེ། སྐུ་མཁར་ཡུམ་བུ་བླ་སྒང༌། གསས་ཁང་ཁོལ་མ་ནེའུ་ཆུང༌། གསས་མཁར་ཁོལ་མ་ཡང་རྩེ། གསས་ཁང་དམུ་ར་དགུ་ཁྱུད། གསས་ཁང་གཡུང་དྲུང་ལྷ་རྩེ། གསས་ཁང་ཁོལ་མ་རུ་རིང༌། ས་ལེ་བྱེ་ཚང༌། ས་ལེ་ལྗོན་ཕྱུག ས་ལེ་བིང་བིང༌། རིན་ཆེན་ཟུར་མང་སོགས་བཞེངས། གནམ་རུ་སྲོང་བཙན་གྱིས་བ་དམར་མོའི་འོ་མས་སྦྲུས་པའི་འཇིམ་པ་ལས་བརྩིགས་པའི་ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་བཞེངས་ཞེས་རྒྱལ་དབང་ལྔ་བས་གསུངས་པ་དང༌། དེར་སྲོང་བཙན་སྒམ་པོ་ནི། ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་སྐུ་འཁྲུངས་ཞེས་བཤད་པའི་རྒྱལ་པོའི་ཕོ་བྲང་དང༌ལྷ་ཁང་སོགས་བཞེངས་པ་རྣམས་ཀྱང༌། བོད་ཡུལ་ལ་བཟོ་རིག་དར་ནས་བཞེངས་པ་མ་གཏོགས་ཡུལ་ཁམས་གཞན་དང་མི་རིགས་གཞན་གྱི་ཡོན་ཏན་ཁོ་ནར་བརྟེན་པ་མ་ཡིན་ནོ། །
ཡང་འགོས་ལོ་གཞོན་ནུ་དཔལ་བས་དེབ་སྔོན་ཏུ་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་གནས་པའི་བསྐལ་པ་ནས་མ་བྱུང་བར་བྱས་ན་ཡང༌། ལུང་དང་རིག་པས་གནོད་པ་ཞེས་པ་དེ། རྒྱལ་དབང་ལྔ་བས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་དྲངས་པ་ལྟར་རོ། །ཡང་དཔྱིད་གླུར། གྲི་གུམ་དང་ལོ་ངམ་འཐབ་པའི་སྐབས་གོ་ཁྲབ་དང་མཚོན་ཆ་གྲི་དགུ་ཟི་སོགས་ཡོད་པ་ཤུགས་ལས་བསྟན་ཞིང༌། གྲི་གུམ་བསད་པའི་རོ་ཟངས་ཀྱི་གའུར་བཅུག་ནས་ལྕགས་གཟེར་བཏབ་སྟེ་ཆུ་ལ་བསྐྱུར། ཞེས་པའི་ཤུགས་ལས་ཟངས་ལྕགས་ཀྱི་ཡོ་བྱད་བཀོལ་བ་བསྟན། ཡང་དེའི་འཕྲོས། སྤུ་དེ་གུང་རྒྱལ་དང༌། རུ་ལས་སྐྱེས། ལྷ་བུ་མགོ་དཀར་སོགས་རྒྱལ་པོ་ཡབ་སྲས་སྐུ་མཆེད་ཀྱི་རིང་ལ། སྐུ་མཁར་བཞེངས་པ། ཆུ་ཡུར་བར་དྲངས། སྤང་ཞིང་དུ་རྨོས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་བཙུགས་ཞེས་པ་སོགས་ཀྱིས་བཟོ་རིག་དར་བའི་རྒྱུ་མཚན་ཤེས་ཐུབ་ལ། ད་ལྟ་ཆབ་མདོ་ཁ་རུབ་ཀྱི་གནའ་ཤུལ་ནས་ཐོན་པའི་གནའ་རྫས། རྡོ་ཆས་བདུན་སྟོང་དགུ་བརྒྱ་བདུན་ཅུ་དོན་བརྒྱད་དང༌། རུས་ཆས་སུམ་བརྒྱ་དྲུག་ཅུ་རེ་བརྒྱད། རྫ་མ་ཉི་ཁྲི་ལྷག་སོགས་རྙེད་པ་དང༌། བྲག་མགོའི་ཁ་ས་མཚོ་ཁའི་གནའ་དུར་ནས་ཐོན་པའི་མི་རོ་བཞི་བཅུ་ལྷག་དང༌། རྡོའི་རོ་སྒམ་དང༌། རྡོ་ཆས། རུས་ཆས། རྫ་མ། ཟངས་ཀྱི་ཅ་ལག་སོགས་དུར་རྫོངས་དང་བཅས་པ་མང་པོ་མཐོང་ཐུབ་པར་བྱུང་བ་དང༌། ལྷ་ས་ཆུ་གོང་གི་གནའ་ཤུལ་ནས། སྤྱི་ལོ༡༩༨༤ལོར་རྙེད་པའི་གནའ་རྫས་མང་པོ་དང༌གནའ་ཤུལ་དེའི་ནུབ་ཕྱོགས་སྤྱི་ཁྲུ་སུམ་བརྒྱ་ཙམ་ནས་དུར་ས་གསར་དུ་རྙེད་པ་ལས། བམ་རོ་སུམ་ཅུ་ལྷག་དང༌གནའ་རྫས་ཀྱི་གྲངས་ཧ་ལམ་ཚོད་དཔག་བྱས་པ་ལྟར་ན་ལོ་གྲངས་ཁྲི་ཕྲག་ལ་ཉེ་བ་ཡོད་པར་བཤད་པ《བོད་ལྗོངས་ཞིབ་འཇུག》(༡༩༩༠ལོའི་དེབ་བཞི་བ་ལས་བཤད་པ།) ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་ལོ་རྒྱུས་སྤྱི་དོན་དུ་གསལ་བོར་བྲིས་ཡོད་ལ། སྐབས་དེའི་བོད་མིའི་ཤེས་རིག་ལག་རྩལ་གྱི་ཆུ་ཚད་དེ་སྐབས་དེའི་སྔོན་ཐོན་མི་རིགས་དག་ལས་མི་དམན་པ་ཞིག་བྱུང་ཡོད་པ་གསལ་ཞེས་པ་ལྟར་རོ། །

༼ ༢ ༽
བོད་ཀྱི་གསོ་བ་རིག་པ་ནི། སྟོན་པ་གཤེན་རབ་ཀྱིས་ཡེ་རྗེ་སྨན་ལྷའི་རྒྱལ་པོའི་དགོངས་པ་བཞིན་གསོ་རིག་བདུད་རྩི་སྨན་གྱི་མདོ་དགུ་གསུངས་པ་ནི། བདུད་རྩི་མུ་ཏྲ་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་བཅོས་ཐབས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམས་ངག་འཕྲུལ་གྱི་མདོ་དང་དགུ་ཡིན་ལ། ད་ལྟ་ཕྲིན་ལས་འཕེལ་བཞིན་དངོས་སུ་བཞུགས་པ་ནི་བདུད་རྩི་བང་མཛོད་འབུམ་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ཏེ། དེ་ཡང་གསོ་རིག་རྩ་བ་ཐུགས་འབུམ་ནམ་མཁའ་སྔོན་པོ་ལེའུ་བདུན། སྡུག་བསྔལ་ཞི་མཛད་གསོ་བྱེད་སྨན་འབུམ་དཀར་པོ་ལེའུ་སོ་གཅིག སྡུག་བསྔལ་ཞི་བྱེད་གསོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སུམ་ཅུ། སྡུག་བསྔལ་ཞི་བ་གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་རྩ་གསུམ་བཅས་གསུངས་པས་འཁོར་སློབ་མ་མང་དུ་ཡོད་ལ། གཙོ་བོ་སྲས་དཔྱད་བུ་ཁྲི་ཤེས་དང༌། ལྷའི་དྲང་སྲོང་མངོན་པར་ཤེས་པ་དང༌། བདེན་པར་སྨྲ་བ་དང༌། རིག་པར་སྨྲ་བ་དང༌། ངེས་པར་སྨྲ་བ་དང༌། ཡིད་ལས་སྤྲུལ་བ་དང་། ཡིད་ལས་བྱུང་བ་དང༌། ཡིད་ལས་སྐྱེས་པ་དང༌། ཡིད་ལས་གྲུབ་པ་སོགས་དྲང་སྲོང་ཆེན་པོ་བརྒྱད་རྣམས་ལ་གཉེར་དུ་གཏད་པ་གནང་ངོ༌། །དེ་ནས་སྟོན་པ་གཤེན་རབ་ཀྱིས་བོད་དུ་རྒྱུ་བོན་གྱི་བཀའ་ལུང་གནང་བས་ཤེས་པ་ཅན་བཅུ་གཉིས་ནང་གི་ཕན་ཤེས་སྨན་གསོའི་བོན་ཞེས་པ་བོད་དུ་དར་རོ། །སྨན་འབུམ་བརྒྱུད་རིམ་ལས་ཀྱང་སྟོན་པ་གཤེན་རབ་ཀྱིས་སྲས་དཔྱད་བུ་ཁྲི་ཤེས་ལ་གནང༌། དེས་འཛམ་གླིང་མཁས་པ་རྒྱན་དྲུག་གི་ནང་ཚན་རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ་ལ་གནང༌། དེས་ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ལ་གསུངས། དེས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་ལ་གསུངས། དེས་ལྡེ་བོན་གྱིམ་ཚ་རྨ་ཆུང་ལ་གསུངས། དམ་པ་དེ་གསུམ་ཚེ་ཡི་རིག་འཛིན་བརྙེས་ནས་ཁྲི་སྲོང་གི་བར་དུ་བཞུགས། ཁྲི་སྲོང་དང་། ཆོས་བློན་དང་། རྒྱ་གར་ཨ་ཙ་ར་རྣམས་ཀྱིས་བོན་བསྣུབས་པའི་སྐབས་བཻ་རོ་ཙ་ནས་རྒྱ་གར་གྱི་ཆོས་སུ་བསྒྱུར་ཞེས་བཤད། བསྟན་པ་སྔ་དར་རིང་ལ་དར་ཚུལ་དེ་ལྟར་ལ། དེ་ནས་གཏེར་དུ་སོང་ནས་ཕྱི་དར་རིང་གཙང་གཤེན་བུ་འཚོ་སྲིད་པའི་རྒྱལ་པོ་ནས་གཏེར་ཞལ་ཕྱེས་ཏེ། རྨེའུ་མཁས་པ་དཔལ་ཆེན་སོགས་ལ་གསུངས་ནས་དར་བ་ཡིན་ལ་བརྒྱུད་ཁུངས་ལ་ལོག་ལྟ་དང་འགྲན་སེམས་མེད། གཞུང་ལུགས་ལ་བསྒྱུར་བཅོས་དང་རང་བཟོས་མ་བསླད་པས་རྒྱུན་གཙང་ཞེས་རང་ཅག་གི་བླ་མ་དགེ་རྒན་རྣམས་ཀྱི་ཞལ་ལས་ཐོས་སོ། །བོད་ན་ལྷ་ཐོ་ཐོ་རིའི་རིང་ལ་སྨན་པ་བི་བྱི་དགའ་བྱེད་དང༌བི་མ་ལྷ་དགའ་མཛེས་རྣམ་པ་གཉིས་རྒྱལ་པོའི་ཕོ་བྲང་ཡུམ་བུ་བླ་མཁར་དུ་སྤྱན་དྲངས། རིན་པོ་ཆེའི་ཁྲི་ལ་བཞུགས་སུ་གསོལ། གསེར་དངུལ་མང་པོ་ཕུལ། སྨན་པ་གཉིས་ལས་སྨན་མདོ་ལྔ་གནང(རེག་པ་རྩ་ཡི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་སྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་བའི་མདོ)ཞེས་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་དུ་བཤད། ཅེས་པར་དཔྱད་ན། སྐབས་དེར་གསོ་རིག་དར་ཡོད་པའི་རྒྱུ་མཚན་ཤེས། ཁྱད་པར་ལྷ་སྲས་སྟག་རི་གཉན་གཟིགས་ཀྱི་མིག་ཕྱེ་བའི་དོན་དུ་འ་ཞའི་སྨན་པ་གདན་དྲངས་པ་རྒྱལ་དབང་ལྔ་བའི་དཔྱིད་གླུ་སོགས་བན་བོན་གྱི་ལོ་རྒྱུས་ཀུན་ཞལ་མཐུན་པས། སྐབས་དེར་བོད་ཀྱི་གསོ་རིག་གི་ཡོན་ཏན་ཚད་མཐོ་ངེས་ཅན་དུ་སླེབས་པ་ཤེས་ཐུབ་བོ། །

༼ ༣ ༽
སྒྲ་ཚད་རིག་པ་ནི། ཐོག་མར་སྟོན་པ་གཤེན་རབ་ཀྱིས་ཡེ་མཁྱེན་སྒྲ་ལྷའི་རྒྱལ་པོའི་དགོངས་པ་བཞིན་སྒྲ་ཚད་ཀྱི་འབུམ་གསུམ་གསུངས་པ་ནི། ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་རྩོད་འབུམ་ཁྲ་བོ། དག་པ་ལྷ་འབུམ་དཀར་པོ་གསུམ་ཡིན་ཏེ། ཐུགས་སྲས་རྨ་ལོ་རབ་ཏུ་དྭངས་པ་དང༌གཡུ་ལོ་གཡི་ཡི་ཟུར་ཕུད་ཅན་གཉིས་ལ་གཏད། དེ་ནས་སྒྲ་ལ་སྐད་འགྱུར་སོ་སོར་སྟོན་པའི་མདོ་དང༌ཚད་མ་ལ་སྡེ་བདུན་བཅས་གསུངས་ནས་ཞང་བོད་ཀུན་ཏུ་དར། ཁྱད་པར་བོད་ལ་སྟོན་པ་གཤེན་རབ་དགུང་ལོ་ཉི་ཤུ་ཙམ་ན་དངོས་སུ་བྱོན་ནས་བོད་ཀྱི་སྐད་ལ་མཁོ་བའི་ཡི་གེ་མཛད་པར་འཕྲུལ་གྱི་ཡི་གེ་བཞི་བཅུ་ཞེས་དཔེ་དང་དོན་གྱིས་བསྔགས་པ་བརྗོད། ཡི་གེ་ཡོད་ན། སྒྲ་ཅི་ཐོན་ལ་ཡི་གེ་ཅི་འདོད་དུ་བྲི་མི་རུང་བས་སྐད་གང་ལ་ཡི་གེ་གང་བྲི་དགོས་པ་ཤེས་ན། ཐ་སྙད་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་ལ་དེ་ནི་སྒྲ་རིག་པ་ལ་བརྟེན་ནས་འབྱུང་དགོས་པ་སྨོས་ཅི་དགོས། དཔེར་ན། ཀ་བ་བུམ་པ་ཞེས་པའི་བོད་སྐད་དེ་དུས་སྔ་མོ་ནས་ཡོད་ལ། དེ་ཡི་གེར་བྲི་ན་ཀ་བ་བུམ་པ་ཞེས་བྲིས་ན། ཐ་སྙད་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་པ་དང༌ག་བ་བུ་འབའ་ལྟ་བུ་བྲིས་ན་སྐད་ཡིག་མ་དག་པས་མི་གོ་བ་དེ་སྒྲ་རིག་པ་ཡོད་པའི་མཐུ་ཁོ་ནའོ། །ཕྱིས་སུ་བྱུང་བའི་གཞུང་ནི། ཤ་རིའི་སྒྲ་མདོ། དྲན་པའི་སྨྲ་སྒོ་སོགས་བྱུང་ནས་དར་ལ། དེ་རྗེས་སློབ་དཔོན་ཐོན་མི་ནས་བཟུང༌། སུམ་རྟགས་དག་གསུམ་གྱི་བསྟན་བཅོས་གཅིག་ལས་གཅིག་ལྷག་གི་ཚུལ་བྱུང་བས་བོད་ཀྱི་སྒྲ་རིག་པ་གོང་འཕེལ་དུ་སོང་ངོ༌། །ཚད་མའི་གཞུང་ལ་ཤ་རི་དབུ་ཆེན་ནམ་དཔལ་ལྡན་གསང་ཆེན་གྱིས་མཛད་པའི་གཏན་ཚིགས་ངེས་པའི་གལ་མདོ། པཎ་ཆེན་ལི་ཤུས་མཛད་པའི《ཚད་མའི་རྒྱུད་གཞུང་ཆེན་མོ》། དྲན་པ་ནམ་མཁས་མཛད་པའི《ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》རྣམས་བྱུང་ནས་དར། ཕྱི་དར་རིང་འགྲོ་མགོན་བློ་གྲོས་ཀྱི《ཚད་མ་ཀུན་བཏུས》དང༌རྒྱལ་བ་མཉམ་མེད་ཀྱི《ཚད་མ་འཕྲུལ་སྒྲོན》སོགས་བྱུང་ངོ༌། །འོ་ན་བོད་དུའང་དུས་སྔ་མོ་ནས་རྒྱ་གར་བཞིན་ཚད་མའི་རིག་གནས་དར་སྲོལ་ཆེའམ་ཞེ་ན། ཁོ་བོའི་རྨོངས་པའི་བློ་ངོར་ཤར་ཚོད་ནི། རྒྱ་གར་ལྟ་བུའི་དར་སྲོལ་མི་ཆེ་སྙམ་སྟེ་རྒྱ་གར་ནི་ཕྱི་རོལ་བ་དར་ཁྱབ་ཆེ་བའི་དབང་གིས་ཐུན་མོང་གི་རིག་གནས་དར་ཁྱབ་ཆེ་བ་དང༌། ཕྱི་རོལ་བ་དག་ནང་བའི་འགལ་ཟླར་ཡང་ཡང་ལངས་ནས་རྩོད་པ་བྱུང་བ་མང་བས་དེར་ཚད་མའི་རིག་པ་དཔྱིས་ཕྱིན་པ་ཞིག་མེད་ན་རྒྱལ་ཁ་མི་ཐོབ་པས་རྒྱ་གར་པཎ་གྲུབ་རྣམས་ཀྱིས་ཚད་མ་རྣམ་འགྲེལ་ཚད་མ་སྡེ་བདུན་སོགས་དུ་མ་མཛད་ནས་བསྟན་པ་ལ་ག་དར་མཛད་ཅིང་ལ་རྒྱ་བཟུང་བས་དར་ཁྱབ་ཆེན་པོ་བྱུང༌། བོད་ན་ཕྱི་རོལ་བ་མེད་པས་དེ་འདྲའི་རྩོད་པ་ཆེན་པོ་མ་བྱུང་བས་ཁྲི་སྲོང་གི་དུས། བན་བོན་རྩོད་པ་དང་གྲུབ་རྟགས་འགྲན་ཚེ་གྲུབ་རྟགས་ནི་བོན་པོ་བཟང༌། ཤག་འགྱེད་ནི་བན་དེ་མཁས་ཞེས་པ་དང༌། ཧྭ་ཤང་དང་ཨ་ཙརྱ་སྟོན་མིན་བརྩེན་མིན་གྱི་ལུགས་རྩོད་པའི་སྐབས་སུའང་ཧྭ་ཤང་ཕམ་ཨ་ཙརྱ་རྒྱལ་ཁ་ཐོབ་པ་སོགས་སྒྲ་ཚད་ཀྱི་རིག་པ་བྱང་ཆུབ་པའི་རྟགས་རེད་སྙམ་མོ། །བསྟན་པ་ཕྱི་དར་སྐབས་ནས་བཟུང༌། བོད་དུའང་གྲུབ་མཐའ་ཁག་ཇེ་མང༌། གྲུབ་མཐའི་ལ་རྒྱ་ཇེ་ཆེ། འགྲན་རྩོད་ཇེ་མང་དུ་སོང་ནས་སྒྲ་ཚད་ཀྱི་རིག་གནས་དར་ཁྱབ་གོང་འཕེལ་བྱུང༌། ཀུན་སློང་བཟང་ངན་གཉིས་ཀའི་སྒོ་ནས་བསྟན་བཅོས་རྩོམ་པ་དང་རྩོད་པ་རྒྱ་གར་ལས་ཀྱང་ལྷག་པར་དར་བ་རེད་སྙམ་མོ། །

༼ ༤ ༽
ཕྱི་རིག་པའམ་གཙུག་ལག་རྩིས་ཀྱི་རིག་པ་ནི། ཡེ་དབང་ས་ཡི་རྒྱལ་པོའི་དགོངས་པ་བཞིན་སྟོན་པ་གཤེན་རབ་ཀྱིས་ཕྱི་རིག་པའི་འབུམ་གསུམ་གསུངས་པ་ནི། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། གཙུག་ལག་དཔལ་འབུམ་དཀར་པོ་གསུམ་ཡིན། སློབ་མའི་གཙོ་བོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང༌ཀོང་ཚ་འཕྲུལ་བུ་ལ་གཏད། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་པ་གསུངས། གསས་ཁང་བ་རབ་ཡོངས་འདུལ་བཞེངས་པར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སློབ་མ་གསེར་ཐུབ་འོད་སྲུང་ལ་གཉེར་དུ་གཏད། རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་དང༌བརྟེན་པ་ནང་བཅུད་ཀྱི་སེམས་ཅན་དག་ལ་ཕྲ་ཞིང་ཞིབ་པར་དཔྱད་དེ་བརྩིས་ན་དུས་བཞིའི་འགྱུར་བ། ཉི་ཟླ་གཟའ་སྐར་གྱི་བགྲོད་པ་སོགས་སྐར་རྩིས་དང་ཕྱི་ནང་གི་འབྱུང་བའི་བྱེད་ལས་སོགས་ལ་བརྟག་པ་སྐྱེ་འགྲོ་སེམས་ཅན་གྱི་ལུས་ཁམས་བདེ་ཐང་ཤེས་པའི་འབྱུང་རྩིས་བསྟན་པ། དེ་ལའང་གཞུང་ལུགས་འབྱུང་ལྔའི་རྒྱུད་ལྔ་བྱུང་སྟེ། ཀུན་འབུམ་གོ་འབྱེད། ཀུན་སྒྲོལ་འཁོར་ལོ། ཀུན་རིག་རྒྱས་པ། ཀུན་འདུལ་ཆེན་པོ། ཀུན་འཇོམས་རྒྱལ་པོའི་རྒྱུད་སོགས་རྒྱས་པར་ཕྱེ། གབ་ཙེ་འཕྲུལ་གྱི་མེ་ལོང༌། སྤར་ཁ་སྨེ་གླིང་སྐོར་མགོ། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་རྣམས་སུ་བསྡུས་ཏེ་བསྟན། སྤྱིར་སྐར་རྩིས་རིག་པའི་གནས་ལ་མདོ་རྒྱུད་མན་ངག་གསུམ་དུ་ཡོད། མདོ་ལ་བསྐལ་སྲིད་འགྲོས་འདེད་མདོ། རྒྱུད་ལ་དུས་ཀྱི་འཁོར་ལོའི་རྒྱུད། དེ་ལ་ཡང་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཡོད་པ་ནི་དུས་འཁོར་རོལ་བ་སྐུ་ཡི་རྒྱུད། དུས་འཁོར་དབང་ཕྱུག་གསུང་གི་རྒྱུད། དུས་འཁོར་གསང་བ་ཐུགས་ཀྱི་རྒྱུད་དང་གསུམ་ཡིན། མན་ངག་ལ་ཡང༌། མདོ་ལས། མན་ངག་དུས་ཀྱི་འཁོར་ལོ་ནི། །བསྐལ་སྲིད་ཆགས་གནས་འཇིག་སྟོང་དང༌། །དུས་བཞི་འབྱུང་བའི་དར་རྒུད་དང༌། །ཁམས་གསུམ་སེམས་ཅན་སྐྱེ་འཕེལ་དང༌། །ཚེ་གཅིག་དུས་དང་དབང་སྐལ་དང༌། །སྔོན་དང་མ་འོངས་ད་ལྟ་དང༌། །ལོ་ཟླ་ཞག་དང་དུས་ཚོད་དང༌། །གང་དུ་བྱ་བའི་ལས་མཐའ་དང༌། །ཀུན་རྫོབ་མངོན་པར་ཤེས་པ་སྟེ། །མི་ཤེས་རྨོངས་པ་གསལ་བའི་ཕྱིར། ། ཞེས་གསུངས་པ་ལ། འབྱུང་རྩིས་དང་སྐར་རྩིས་སོགས་གཙུག་ལག་རྩིས་ཀྱི་གབ་ཙེ་ལེའུ་སྟོང་རྩ་གཉིས་སུ་ཡོད་པ་ལས་འཕྲོས་ཏེ། ཚེ་རྩིས། ཀེག་རྩིས། བག་རྩིས། དཔྱད་ལྡིང་མགྲོན་རྩིས། ནད་རྩིས། གཤིན་རྩིས། གཞན་ས་དཔྱད་སོགས་རྩིས་ཕྲན་མན་ངག་འཁོར་ལོ་དྲུག་ཅུ་རྩ་དགུ་ཡོད་པར་གྲགས་པ་སོགས་ཁྲི་སྲོང་སྐབས་ཕལ་ཆེར་གཏེར་དུ་སོང༌། འགའ་རེ་ནུབ། ཕྱིས་སུ་གཡུ་ཐོག་ཕྱི་མའི་བླ་མ་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོའི་ཕུག་ཕ་བོང་སྡིག་རུ་ཅན་བྲག་ཕུག་བཞི་ཡོད་པའི་སྒོ་གོང་མ་གཤང་རྟགས་ཅན་ལས་བོན། དྲིལ་བུ་ཅན་ལས་ཆོས། གབ་ཙེ་ཅན་ལས་རྩིས། གཙག་བུ་ཅན་ལས་སྨན་དཔྱད་རྣམས་བཏོན་ཏེ་དར་སྤེལ་མཛད་པ་ནི་བསྟན་པ་ཕྱི་དར་གྱི་རིང་ཡིན་ནོ། །བོད་ལ་ཐོག་མར་དར་བ་ནི། སྟོན་པ་གཤེན་རབ་བྱོན་ནས་དར་བས་གཉའ་ཁྲི་བྱོན་སྐབས། སྐོས་ཤེས་རྩིས་མཁན་པ་རྣམས་ཡོད་པ་ཡིན་ལ། ཀོང་ཙེ་འཕྲུལ་རྒྱལ་གྱིས་རྒྱ་ནག་ཏུ་སྤེལ་ནས་ཕྱིས་སུ་རྒྱ་ནག་ནས་བོད་དུ་དར་བ་ཡང་ཡོད་ལ་ཁུངས་གཅིག་ཏུ་མཐོང་ངོ༌། །སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡའ་སེལ་ལས་གནམ་རུ་སྲོང་བཙན་སྔོན་དུ་ཀོང་ཙེའི་རིང་ལུགས་ཀྱི་རྩིས་ཡོད་པར་བཤད་པའང་དེ་ཡིན་ནོ། །

༼ ༥ ༽
ཐུན་མོང་མ་ཡིན་པའི་ནང་རིག་པ་ནི། སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་ཐོག་མཐའ་བར་གསུམ་དུ་བསྐོར་བའི། བཀའ་དང་པོ་ཐེག་པ་རིམ་དགུ། བར་བ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་དུ་གསུངས་པ་རྣམས་ནི། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་སྤང་བྱ་མཐའ་དག་འདུལ་བའི་ཆེད་དུ། དབང་པོ་རབ་འབྲིང་ཐ་མའི་བློ་དང་འཚམས་པར་མདོ་སྔགས་སེམས་གསུམ་དུ་བསྡུས་ཏེ་གསུངས་པ་ཡིན། དེ་ལ་ཐོག་མར་བློ་ཁ་ཕྱོགས། དེ་ནས་བློ་བསྐྱེད་འཕེལ་དེ་ལམ་ལ་བཙུད་དགོས་པ་སོགས་ཀྱི་རྨང་གཞིའམ་སྟེགས་བུ་ནི་ཐུན་མོང་རིག་གནས་ཡིན་ཕྱིར། སྟོན་པས་དང་པོ་རྒྱུ་བོན་དང་རིག་པའི་གནས་གཏན་ལ་ཕབ། དེ་ནས་རིམ་པར་སྤངས་ལམ་མདོ། བསྒྱུར་ལམ་སྔགས། གྲོལ་ལམ་རྫོགས་པ་ཆེན་པོ་རྣམས་གསུངས་པ་གླེགས་བམ་ཁྲི་ཕྲག་དུ་མ་བྲིས་ནས་རྗེས་སུ་བཞག རྗེས་བཞག་གི་མདོ་གསུངས། དེ་ནས་བཀའ་རྣམས་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ་ཚན་པ་བཞིར་བསྡུ་དགོས་པའི་བཀའ་གནང༌། འཁོར་རྣམས་ལ་བཀའ་སོ་སོར་གཉེར་དུ་གཏད་དེ་གཏད་གཉེར་མདོ་གསུངས། མྱ་ངན་ལས་འདས་རྗེས་སྡུད་འཁོར་རྣམས་ཀྱིས་བཀའ་རྣམས་བདག་གིར་མཛད་དེ་བསྡུས། སྡུད་འཁོར་བཅུ་གསུམ་རེ་རེས་ལོ་གསུམ་རེར་འཆད་ཉན་གྱི་སྲོལ་བསྐྱངས། ཁྱད་པར་གདུང་སོབ་ཆེན་པོས་སློབ་ཚོགས་བསྐྱངས་པས་འཛམ་གླིང་མཁས་པ་རྒྱན་དྲུག་བྱུང༌། དེ་ནས་བཟུང་ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱུང་བ་ནི་བོན་ལུགས་ཀྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་གསལ་ལ། ཁོ་བོས་ཀྱང་ལོ་རྒྱུས་རིན་ཆེན་ཤེལ་གྱི་རྒྱང་མཐོང་ཞེས་པ་བྲིས་ཡོད་པས་འདིར་མང་དུ་དོགས། ཁྱད་པར་གངས་ཅན་བོད་ཀྱི་ཡུལ་འདིར་སྟོན་པ་གཤེན་རབ་བྱོན་ནས་རྒྱུ་བོན་གྱི་བཀའ་ལུང་གནང༌། རིག་གནས་གསར་བཏོད་མཛད་པ་གོང་ལྟར་ལ་དེའི་བཀའ་དྲིན་གྱིས་གཉའ་ཁྲི་མ་བྱོན་གོང་ནས་རྒྱུ་བོན་ལ་མཁས་པའི་ཤེས་པ་ཅན་སྐོར་བཅུ་གཉིས་བྱུང༌། སྔོན་གྱི་གདོད་མའི་བོན་གྱི་ཉེས་སྤྱོད་མི་ལེགས་པ་རྣམས་བསྒྱུར། ནང་བ་དང་མཐུན་པའི་སྐྱབས་འགྲོ་དང་། ཕན་སེམས་དང་བསྔོ་སྨོན་སོགས་ཀྱིས་ཟིན་པའི་སྟོན་པའི་རྒྱུ་བོན་དར་སྤེལ་མཛད། འབྲས་བུའི་བོན་དར་བར་ཐུགས་སྨོན་གནང་བས། གཉའ་ཁྲི་བྱོན་པ་དང་དུས་མཉམ་དུ་སྟོན་པའི་སློབ་མ་ལྷ་ཀླུ་མི་ཡི་གཤེན་པོ་རྣམས་ཀྱི་ཞབས་ཀྱིས་ཟིན་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་རྒྱལ་པོའི་དབུ་བླར་བྱོན། བོད་རྒྱལ་གཉིས་པ་ལྷ་སྲས་མུ་ཁྲི་བཙད་པོ་སློབ་མའི་གཙོ་བོར་གྱུར། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་སྐོར་གསུམ་སོགས་གསང་བ་སྔགས་ཀྱི་བསྟན་པ་དར་སྤེལ་མཛད། མུ་ཁྲི་ནས་བཟུང་གདུང་རྒྱུད་བཅུ་གསུམ་གྱི་བསྟན་པ་དར་བ་ནི་སྤྱི་སྤུངས་བླ་བརྒྱུད་ལྟར་ལ། ད་ལྟ་བོན་ལུགས་ཀྱི་ཆོ་ག་འདོན་ཤེས་ཚད་ཀྱིས་བླ་བརྒྱུད་གསོལ་འདེབས། བརྒྱུད་ཕྱག བརྒྱུད་བསྐང་། ཨ་རྫོགས་སྙན་གསུམ་གྱི་བླ་བརྒྱུད་གསོལ་འདེབས། མ་རྒྱུད་གྲུབ་བརྒྱའི་ཕྱག་མཆོད་སོགས་འདོན་བཞིན་པ་འདི་ཕྱོགས་འཛིན་གྱི་ཆགས་སྡང་དབང་དུ་མ་སོང་ན་དད་པའི་གསོས་སུ་ཆེ་ཞིང༌བོད་ཀྱི་ལོ་རྒྱུས་ལ་གལ་ཆེ་བར་མཐོང་ངོ༌། །དེ་ལྟ་ན། དུས་སྔ་མོ་ཞང་བོད་དུ་རིག་གནས་ལྔ་བོ་དར་བ་དང་རྒྱ་གར་དུ་དར་བ་ཕན་ཚུན་བསྡུར་ན་ཅི་འདྲར་འདུག་སྙམ་ན། ཁོ་བོས་དཔྱད་ན་ཐུན་མོང་གི་སྒྲ་ཚད་སྙན་ངག་སྡེབ་སྦྱོར་ལྟ་བུ་རྒྱ་གར་དུ་དར་བ་ཤིན་ཏུ་བཟང་ལ་ནང་རིག་པ་ནི་ཞང་བོད་དུ་དར་སྔ་ཞིང༌། ཉམས་སུ་ལེན་པའི་རྣལ་འབྱོར་བ་ཤིན་ཏུ་མང་ལ་ཁྱད་པར་སྔགས་སེམས་གཉིས་ནི་དར་ཁྱབ་ཆེ་ཞིང་བརྒྱུད་པ་བར་མ་ཆད་པར་གཙང་ལ་ཞིབ་པ་སེལ་མ་ཞུགས་པར་དར། གྲི་གུམ་རིང་ཅུང་ནུབ་ན་ཡང༌ཡུན་མ་རིང་སྟེ། གྲི་གུམ་དང་ལོ་ངམ་གཉིས་ལ་ལོ་བཅུ་དྲུག་ཙམ་སོང་ནས། ལྷ་སྲས་སྤུ་སྡེ་གུང་རྒྱལ་དང་གཅུང་ཁྲི་སྨོན་ལྷ་བཟང་བཅས་ཀྱིས་སླར་བསྟན་པ་བསྐྱངས་པས་ཞང་བོད་ཀྱི་པཎ་གྲུབ་མང་པོ་བྱོན་ནས་ཁྲི་སྲོང་གི་བར་དུ་རྒྱ་ཆེར་དར་བ་ནི་བརྒྱུད་ཁུངས་སྟོན་པ་ཡུམ་སྲས་གཤེན་གསུམ། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཐུ་ཆེན་མི་དགུ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། བོན་ཆེན་བཞི་བཅུ། དྲན་པ་ཡབ་སྲས་སོགས་རིམ་པར་བྱོན། ཁྲི་སྲོང་གི་རིང་སྟོང་རྒྱུང་མཐུ་ཆེན། དྲན་པ་ནམ་མཁའ། ཁྱུང་པོ་གྱེར་ཟླ་མེད། སྤ་ཇི་ཕྲོམ་དཀར་པོ་སོགས་བཞུགས་པས་ཡུལ་མདོ་སྨད་ཁྲི་ཀ་རེབ་གོང་མཚོ་སྔོན་ཧོས་པོ་ཁྱུང་མགོན་ར་རྒྱ་སོགས་སུ་བསྟན་པ་སྤེལ་བར་མཛད་དོ། །
རྫོགས་པ་ཆེན་པོ་སེམས་ཕྱོགས་ནི། དགོངས་བརྒྱུད་སྟོན་པ་དགུ་ནས་སེམས་དཔའ་བརྡ་བརྒྱུད། རིག་འཛིན་ཉམས་བརྒྱུད། གང་ཟག་སྙན་བརྒྱུད། མཁས་པ་ལོ་པཎ་གྱི་བརྒྱུད་པ་རྣམས་ནས། རྗེ་ཏ་པི་ཧྲི་ཙ་དང་གྱེར་སྤུངས་སྣང་བཞེར་ལོད་པོའི་བར་དུ་དར་སྤེལ་མཛད། ཁྲི་སྲོང་གི་རིང༌རྫོགས་པ་ཆེན་པོ་དར་རྒྱས་བྱུང་བར། གུ་རུ་པདྨའི་ཕྲིན་ལས་ལ་བརྟེན་ནས་རྒྱ་གར་བན་དེའི་ལུགས་ལའང༌། བེེ་རོ་དང༌བི་མ་སོགས་ཀྱིས་རྫོགས་ཆེན་སྙིང་ཐིག་གི་སྐོར་མང་དུ་སྤེལ་བ་ནི་རྒྱ་གར་ན་ཡང་དེ་འདྲ་མེད་པར་མངོན་ཏེ། རབ་བྱུང་དང་པོའི་ནང་ཇོ་བོ་རྗེ་བོད་དུ་བྱོན་ནས། བོད་ཀྱི་གླེགས་བམ་མང་པོ་གཟིགས་པར་འདི་འདྲ་རྒྱ་གར་ནས་ཀྱང་མཐོང་མ་མྱོང༌། འདི་དག་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་མ་ཡིན་ནམ་སྲིན་པོའི་གླིང་ནས་གདན་དྲངས་པ་མ་ཡིན་ནམ་གསུངས་ཞེས། རྒྱལ་དབང་ལྔ་བའི་དཔྱིད་གླུ་དང་གཙུག་ཕྲེང་གི་མཁས་པའི་དགའ་སྟོན་སོགས་སུ་བཤད་པ་ལ་དཔག་ན་ཤེས་སོ། །
མདོ་འདུལ་བ་ནི། བོད་རྒྱལ་གསུམ་པ་དིང་ཁྲི་བཙན་པོ་དགུང་ལོ་ང་བདུན་པའི་ས་བྱ་ལ་འདུལ་བསྟན་ཉམས་གུད་བྱུང་བས། མཁན་ཆེན་མུ་ཟི་གསལ་བཟང་འགོག་སྙོམས་སུ་བཞུགས་ཏེ་སྤྱི་ལོ༨༨༨པའི་ས་སྤྲེལ་ལ་འགོག་པ་ལས་བཞེངས། སོག་སྟོན་ལ་སྡོམ་པ་གནང༌། འདུལ་བ་རྒྱུད་དྲུག་ལ་འཆད་ཉན་མཛད་པས་འདུལ་བསྟན་ཕྱི་དར་གྱི་དབུ་ཟུག དེ་ནས་བཟུང་ནུབ་མ་མྱོང་ངོ༌། །འོ་ན་རྒྱ་གར་དུ་སྔོན་དང་པོ་ཐེག་པ་ཆེན་པོ་སྔགས་སེམས་ཀྱི་བསྟན་པ་ནི་བོད་དུ་དར་བ་ལྟ་བུ་བྱུང་མེད་དམ། ཞེ་ན། མེད་སྙམ་སྟེ། ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་བཞི་བརྒྱ་ནས་ཀླུ་སྒྲུབ་བྱོན། ལོ་དགུ་བརྒྱ་ནས་ཐོགས་མེད་བྱོན། དེ་རྗེས་གཅུང་དབྱིག་གཉེན་བྱོན། ཀླུ་སྒྲུབ་ཀྱིས་ཡུམ་ཀླུ་ཡུལ་ནས་སྤྱན་དྲངས་ནས་ཐེག་ཆེན་སྲོལ་ཕྱེས། ཐོགས་མེད་ཀྱིས་བྱམས་ཆོས་ལྷ་ཡུལ་ནས་སྤྱན་དྲངས་ནས་ཐེག་ཆེན་སེམས་ཙམ་པའི་སྲོལ་ཕྱེས་པ་ན། དབྱིག་གཉེན་སོགས་ཉན་ཐོས་པ་རྣམས་ཀྱིས་ཐེག་ཆེན་བཀར་ཁས་མ་བླངས་པ་སོགས་ཡིག་ཆ་མང་པོའི་སྤྱི་ལུགས་ཡིན་པས། ཐེག་ཆེན་བཀར་སྒྲུབ་ཅེས་པའི་སྐབས་དེ། ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་སྟོང་ཙམ་རེད་སྙམ་པ་དང༌བྲམ་ཟེ་རིགས་ཀྱི་དགེ་སློང་སྐྱེ་བ་ལྔ་བརྒྱར་པཎྚི་ཏར་གྱུར་བའི་སློབ་དཔོན་དབྱིག་གཉེན་གྱིས་ཐེག་ཆེན་བཀར་ཁས་མ་བླངས་པ་ལ་དཔྱད་ན། སྐབས་དེར་རྒྱ་གར་དུ་ཐེག་ཆེན་མ་དར་བའི་རྟགས་རེད་སྙམ། ཡང་བུ་སྟོན་རིན་ཆེན་གྲུབ་ཀྱིས། ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་འབུམ་དང་ཡི་གེ་ཉུང་ངུ་གདན་དྲངས་ནས་འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲགས་སོ་ཞེས་དང༌། བཀའ་བསྡུ་གསུམ་པ་ལ་བཤད་ཚུལ་མང་ན་ཡང༌། བུ་སྟོན་གྱིས། བསྡུ་བ་གསུམ་པ་བྱས་ནས་སོ་སོ་སྐྱེ་བོ་གཟུངས་མ་ཐོབ་པ་རྣམས་བཀའ་ལྷག་ཆད་འདོན་པ་ལས། ཐུབ་པའི་གསུངས་མི་ཉམས་པར་བྱ་བའི་ཕྱིར་གླེགས་བམ་ཡི་གེར་བཀོད་ཀྱི་དེ་ཡན་ཆད་བློ་ལ་འདོན་པ་ལས་ཡི་གེ་མེད་ཟེར་རོ། །ཁ་ཅིག་དེར་མི་འཐད་དེ། འཇམ་དཔལ་རྩ་རྒྱུད་ལས། མ་སྐྱེས་དགྲའི་བུ་ཨུ་པ་ཞེས་བྱ་བས་སངས་རྒྱས་ཀྱི་གསུང་རབ་རྣམས་ཡི་གེར་འབྲི་བར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ཡང་དྲི་མེད་འོད་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་བ་ན་སྡུད་པར་བྱེད་པ་པོ་དག་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ་ཞེས་གསུངས་པས་སྔར་ཡང་བྲིས་སམ་སྙམ་མོ། །ཞེས་གསུངས་པ་རྣམས་སུ་བརྟག་ན་བཀའ་བསྡུ་དང་པོའི་དུས་ཡི་གེར་བྲིས་པ་མེད། བཀའ་བསྡུ་གསུམ་པའི་དུས་སུ་ཡི་གེར་བྲིས་དེ་ཡང་རྩོད་པ་དང་བཅས་ན་དཔྱད། ཐེག་པ་གསུམ་གྱི་གླེགས་བམ་ཡོད་ན་ལྷ་ཀླུའི་ཡུལ་ནས་སྤྱན་དྲངས་ནས་སྲོལ་ཕྱེས་པ་དང་ད་དུང་པཎྚི་ཏ་རྣམས་ཁས་མི་ལེན་པ་བྱུང་དོན་མེད་སྙམ་མོ། །
གསང་སྔགས་རྡོ་རྗེ་ཐེག་པའི་དུས་འཁོར་ཡང༌། ཕུག་ལུགས་ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ༡༨༤༨སྤྱི་ལོ༩༦༧མེ་ཡོས་ལོར་རྒྱ་གར་དུ་སྤྱན་དྲངས་པ་དང་། དེ་ནས་ལོ༦༠སྟེ་རབ་བྱུང་དང་པོ་ཚུགས་པའི་ལོར་བོད་དུ་བསྒྱུར་བས་རྒྱ་གར་དང་བོད་དུ་དར་བའི་བར་ན་ལོ༦༠ལས་མེད་པ་དང༌། ཡང་གཙུག་ཕྲེང་གི་ཆོས་འབྱུང་ལས་དཔལ་དུས་ཀྱི་འཁོར་ལོ་ལ་རེད་མདའ་བས་སྐུར་བ་བཏབ་པའི་དོགས་པ་ཅུང་ཟད་བསལ་བར་བྱ་སྟེ་ཞེས་དང༌། ཤམ་བྷ་ལའི་ཡུལ་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། ཤམ་བྷ་ལ་ཞེས་གསལ་བར་གསུངས་པའི་ཕྱིར། ཞེས་བཤད་པར་བརྟག་ན། དུས་འཁོར་དང་ཤམ་བྷ་ལར་རྩོད་པ་ཡོད་པའི་ཚུལ་ཤུགས་ལས་གོ་ཞིང་ཕྱིས་སུ་དར་ཁྱབ་ཆེ་རུ་བྱུང༌། བསྟན་པ་ཕྱི་དར་གྱི་སྐབས་སུའང༌ཐེག་པ་ཆེན་པོ་གསང་སྔགས་བོད་དུ་དར་བ་ལྟ་བུ་འདི་ལས་ལྷག་པ་ཞིག་རྒྱ་གར་དུའང་དར་ཨེ་ཡོད་སྙམ་མོ། །རྒྱུ་མཚན་ཡང༌། རྒྱ་གར་དུ་ཕྱི་རོལ་བའི་འཚེ་བ་ཐེངས་མང་པོ་བྱུང་བ་དང་། བོད་དུ་གྲི་གུམ་དང༌ཁྲི་སྲོང་། དར་མ་སོགས་ཀྱི་རིང་ལ་འཚེ་བ་བྱུང་ཡང་གནས་སྐབས་ཙམ་མ་གཏོགས་གཏན་དུ་ནུབ་པར་མ་གྱུར། དེ་ཕྱིར་བོད་ཀྱི་རིག་གནས་ནི་ཕལ་ཆེར་ཆོས་ཕྱོགས་དང་འབྲེལ་བས་བོད་ལ་ཆོས་ལུགས་དར་ཆེ་ཞིང༌། སྲིད་ཕྱོགས་ཉམས་ཆེ་བ་ནི། ལོ་རྒྱུས་སྨྲ་བ་ཀུན་གྱི་ལྟ་བ་གཅིག་མཐུན་ཡིན་སྙམ་མོ། །
གཤེན་རབ་སྟོན་པའི་ཐུགས་བསྐྱེད་འཛིན་མའི་གཞིར། །
ལྔ་རིག་ཀླུང་ཆེན་ཕྱོགས་སུ་བབས་པའི་རྒྱུན། །
གཤེན་བསྟན་རྒྱ་མཚོར་འཁྱིལ་བའི་དཔལ་ཡོན་གྱིས། །
ཕན་བདེ་རླབས་ཀྱི་འཁྲི་ཤིང་མཁའ་ལ་རྩེན། །

གང༷་གི་བཀའ་དྲིན་སྐྱ་རེངས་དང་པོ་ཡིས། །
གང༷ས་ཅན་ཡུལ་འདིར་རིག་པའི་ཉི་མ་ཤར། །
གང༷་ལ་ལོག་རྟོག་འབྱུང་བྱའི་ཐན་སྐད་ཀྱིས། །
གང༷ས་ལྡན་མུན་པའི་གླིང་ཞེས་གཤེ་བ་ཚོར། །

སྔོན་བྱུང་དོན་ལ་དགའ་བའི་གཟུར་གནས་རྣམས། །
སྔོན་བྱོན་དམ་པར་དྲིན་གཟོ་བསྙེལ་མི་སྲིད། །
ཕྱི་རབས་ཤེས་ལྡན་གཞོན་ནུ་བསོད་ནམས་ཅན། །
ཕྱི་རབས་བཙས་ཀྱི་ནོར་བུ་ངོས་ཟིན་མཛོད། །  ཅེས་པའང་ཀྲུང་གོའི་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་དུ་མའི་མཁས་པ་མང་པོ་ལྷན་ཅིག་ཏུ་གདན་འཛོམས་ནས། བོད་ཀྱི་རིག་གནས་ཞིབ་འཇུག་སྐབས་སུ༧ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་མིང་གཞན་དབྱངས་ལྡན་དགྱེས་པའི་བློ་གྲོས་ཀྱིས་གཏམ་དུ་སྤེལ་བའོ། །

མཁས་དབང་ཆེན་མོ་ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་མཛད།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow