སྙན་རྒྱུད་མན་ངག་ལེའུ་བཅུ་གཉིས་པའི་གཞུང་གི་ནང་ཚན་ལེའུ་བཞི་པ་ལས།
རིམ་གྱིས་ཐོད་རྒལ་གཅིག་ཆར་བ་དང་གསུམ། རིགས་པས་བརྟག་ལ་གདམས་ངག་དབྱེ་ལ་གདབ། དབང་པོ་ཐ་མ་རྣམས་ལ་རིམ་གྱིས་ཁྲིད། འབྲིང་ལ་ཐོད་རྒལ་ཡེ་ཤེས་ངོ་ཡིས་བསྟན། རབ་ལ་གཅིག་ཆར་སྣང་སེམས་དབྱེར་མེད་བསྟན། ཞེས་དང་། ལེའུ་ལྔ་པ་ལས་རིམ་གྱིས་པའི་ངོ་སྤྲོད་དང་། ལེའུ་དྲུག་པ་ལས་ཐོད་རྒལ་གྱི་ངོ་སྤྲོད། ལེའུ་བདུན་པ་ལས་གཅིག་ཆར་བའི་ངོ་སྤྲོད་བཅས་དབང་པོ་རབ་འབྲིང་ཐ་གསུམ་གྱི་ངོ་སྤྲོད་བསྟན་པ་རྣམས་ཀྱི་གོ་དོན་འོལ་ཚོད་ཙམ་མིན་པར་གོང་མ་རྣམས་ཀྱི་གསུང་སྲོལ་ཇི་བཞིན་བཀོད་ན་འདི་ལྟར་ཏེ། རིམ་གྱིས་པ་ནི་སྔོན་འགྲོ་དངོས་གཞི་ལ་བརྟེན་དགོས་པ་དང་། ཐོད་རྒལ་བ་ནི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་སོགས་ལ་རིམ་གྱིས་བརྟེན་མི་དགོས་པར་ཉམས་ཐོད་རྒལ་བ་དང་རྟོགས་པ་ཐོད་རྒལ་བ་རླུང་ཐོད་རྒལ་བ་གསུམ་དུ་གསུངས་པ་དང་། གཅིག་ཆར་བ་ནི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་སོགས་ལ་རིམ་གྱིས་བརྟེན་མི་དགོས་པ་ཐོད་རྒལ་བ་དང་འདྲ་ནའང་འདི་ལ་ཐོད་རྒལ་བ་ཇི་བཞིན་ཉམས་ཀྱི་སྔོན་དུ་རྟོགས་པ་ཐོད་རྒལ་དུ་འཆར་བ་དང་རྟོགས་པའི་སྔོན་དུ་ཉམས་ཐོད་རྒལ་དུ་འཆར་བའི་རིམ་པ་སོགས་མི་དགོས་པར་ཉམས་རྟོགས་དབྱེར་མེད་གཅིག་ཆར་དུ་འཆར་བ་དང་གསུམ་གྱི་སྒོ་ནས་རྣམ་པར་འབྱེད་པ་ཡིན་ཏེ། རང་གྲོལ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ཐེག་རིམ་གསལ་བའི་སྒྲོན་མེ་ལས། དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་ལ། རིམ་སྐྱེས་པ་དང་ཐོད་རྒལ་པ་དང་གཅིག་ཆར་བ་དང་གསུམ་སྟེ། དང་པོ་ནི་སྔོན་འགྲོ་དང་དངོས་གཞི་ལ་བརྟེན་ནས། རྗེས་སུ་ཀློང་དུ་གྱུར་བའི་བྱ་བ་ཡིན་ཏེ། ལྟ་སྤྱོད་མས་ཡར་མུ་མཐུད་དུ་སྐྱོང་བ་སྟེ། སེམས་འཛིན་ལ་བརྟེན་ནས་གནས་པ་འབྱུང་བ་དང་། གནས་པ་ལས་ཉམས་དང་། ཉམས་ལས་རྟོགས་པ་འཆར་བ་སྟེ། གང་ཟག་བློ་འབྲིང་དང་ཐ་མའི་ཐབས་ཡིན་ནོ། གཉིས་པ་ཐོད་རྒལ་བྱ་བ་དེ་ཡང་། དབང་པོ་རབ་ལ་འཆར་བ་ཡིན་ཏེ། དེ་ལ་ཡང་རྟོགས་པ་ཐོད་རྒལ་བ་དང་། ཉམས་ཐོད་རྒལ་བ་དང་། རླུང་ཐོད་རྒལ་བ་དང་གསུམ་སྟེ། དང་པོ་ཉམས་མ་སྐྱེས་པ་ལ་རྟོགས་པ་འཆར་བ་སྟེ། དེ་ཡང་ངང་གིས་ངང་ལ་གནས་པ་བསྒོམ་པ་ནས། རིག་པ་རང་སར་ཕབ་ནས་གཞི་ལ་གནས་ཏེ། ཉམས་རྟོགས་གཅིག་ཏུ་འདྲེས་པར་འགྱུར་རོ། དེ་ལྟར་མ་བསྒོམ་ན་ཉམས་མྱོང་མེད་པའི་སྐྱོན་གྱིས། འཕེལ་འགྲིབ་མང་བས་རྐྱེན་མི་ཐུབ་པར་འགྱུར་རོ། གཉིས་པ་ཉམས་ཐོད་རྒལ་བྱ་བ་དེ་ཡང་། བདེ་གསལ་སྟོང་པའི་ཉམས་གློ་བུར་དུ་འཆར་ཏེ། ཤར་ཡང་ངོས་མ་ཟིན་པའི་སྐྱོན་ཡོད་དེ། གནས་ལུགས་ལ་ངོ་སྤྲོད་ཅིང་མ་ལུས་པར། མུ་མཐུད་ནས་ཉམས་སུ་མ་བླང་ན། ཉམས་ཡལ་ནས་རྟོགས་པ་མི་འཆར་བའི་སྐྱོན་ཡོད་པས། ཉམས་ངོ་ཤེས་པར་བྱས་ལ་སྐྱོང་བས། ཉམས་མཐར་ཐོན་རྟོགས་པ་འཆར་བར་འགྱུར་རོ། གསུམ་པ་རླུང་ཐོད་རྒལ་བྱ་བ་དེ་ཡང་། རླུང་ཨ་བ་འདུ་ཏི་དབུ་མར་ཚུད་པའི་ཚེ། བདེ་རླུང་གི་དབང་གིས་བདེ་གསལ་མི་རྟོག་པའི་ཉམས་འཆར་བ་དང་། འཇམ་རླུང་གི་དབང་གིས་རྟོག་པ་རྒྱུན་ཆད་དོ།རིག་པ་རུས་སྦལ་མཁར་གཞོང་དུ་ཆུད་པ་ལྟ་བུ་དང་། རྩུབ་རླུང་གི་དབང་གིས་ངུ་རྒོད་ལ་སོགས། ལུང་མ་བསྟན་གྱི་སྤྱོད་པ་བྱེད་པ་དང་གསུམ་སྟེ། དེ་ཡང་ཐབས་ལམ་ཟབ་མོས་ཉམས་སུ་མ་བླང་ན། ཉམས་ཡལ་བ་དང་གགས་བྱུང་བ་སྟེ། ཉམས་སུ་བླང་ན་རྟོགས་པའི་ཡེ་ཤེས་འཆར་ཏེ། རྡིང་དུ་གྱུར་ནས་བརྟན་པ་ཐོབ་པར་འགྱུར་རོ། སྤྱིར་ཐོད་རྒལ་བའི་ཉམས་དེ་ཡང་། སྤྲིན་བར་གྱི་ཉི་མ་ལྟར་འཕེལ་འགྲིབ་མང་བས། ཉམས་ལེན་དགོས་པའི་གནད་ཆེ་བ་ཡིན་ནོ། གསུམ་པ་གཅིག་ཆར་བ་བྱ་བ་དེ་ཡང་། གང་ཟག་དབང་པོ་ཡང་རབ་ལས་འཕྲོ་ཅན་ལ་ཤར་བ་སྟེ། བླ་མའི་བཀའ་འམ། གདམས་ངག་གི་ཚིག་གམ། ལས་བཟང་ངན་གྱི་རྐྱེན་བྱས་ནས་འཆར་བ་ཡང་ཡོད་དེ། ཉམས་དང་རྟོགས་པ་དུས་གཅིག་འཆར་ནས། གནས་ལུགས་ཀྱི་དོན་ཅི་བཞིན་མར་རྟོགས་ནས།མཁའ་ལ་ཉི་ཤར་མུན་པ་སང་བ་ཅི་བཞིན། དེ་ཡང་ཕ་རོལ་གྱི་སྣང་བ་སྣང་ཡུལ་བཟང་ངན་གྱིས་མི་གནོད་རྩལ་དུ་ཤར་ན་རྟོགས་པ་གཅིག་འཆར་རོ། གསལ་འགྲིབ་ནུབ་ནས་ཉམས་གཅིག་འཆར་བ་ཡིན་ཏེ། ཉམས་ལེན་དགོས་ཏེ་ཉམས་ཀྱི་རོ་ཡོད་དོ། ཉམས་ཉི་མ་འདྲ་རྟོགས་པ་ལ་ཟེར་ཏེ། རྟོགས་པ་དང་པོ་ཉམས་ལ་ཟེར་བ་ཡིན། གཅིག་ཆར་དེའི་རིག་པ་བདག་ཞལ་མཐོང་བའོ།མ་བཅོས་བོན་ཉིད་རྟོགས་ཙམ་ན། སེམས་ཀྱི་རང་བཞིན་སྒྲིབ་མེད་ནམ་མཁའ་འདྲ། ཞེས་གསུངས་སོ། དེའི་དོན་ཉམས་སུ་ལེན་པའི་ཚུལ་ནི། འདི་ལྟར་སྣང་བ་འདི་ལ་བཟང་ངན་སྤང་བླང་མེད་པར། རང་སར་ཀློད་ལ་ཞེན་པ་མེད་པར་བཞག་པས། འགྱུ་བ་གདོད་ནས་དག་ཅིང་རྟོགས་པ་འཆར་བའོ། མཉམ་པ་ཉིད་ཀྱི་དོན་དེ་ལ་ཡང་། གླང་ཆེན་མ་བཅོས་རྣལ་མར་ཞོག། མཐར་ནི་ནམ་མཁའི་རྒྱའི་ཐོབ། དཔེར་ན་གསེར་གླིང་རྡོ་མེད་ལྟར། ཐེག་པ་གཞན་གྱི་སྐྱོན་དག་ཀྱང་། སྤང་བ་མེད་པར་རང་སར་ཞི། ཡོན་ཏན་རྩལ་བ་མེད་པར་གྲུབ། དེ་ནས་མཉམ་པའི་རྒྱལ་པོ་ཐོབ། ཅེས་གསུངས་སོ། རང་གྲོལ་གྱི་གཞུང་ལ་མོས་པའི་ཉི་མིང་པས་ས་འཛིན་སྨན་གྱི་རི་བོ་ནས་སྤེལ།