གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༠ ཆུ་མོ་ཡོས་ལོའི་ཟླ་བ་གསུམ་པའི་ཚེས་ ༤ ནས་ ༡༠ བར་སྟེ། ཕྱི་ལོ་༢༠༢༣ ཟླ་ ༤ པའི་ཚེས་ ༢༤ ནས ༣༠ བར་བདུན་ཕྲག་གཅིག་གི་རིང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་བཞིན་ཡོད།
དེ་ཡང་ཡངས་པའི་འཇིག་རྟེན་ཁམས་སུ་སྐྱེ་འགྲོ་ཀུན་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་ཞིང་། དཀར་ཕྱོགས་དགེ་བའི་དོན་ཀུན་ཡར་ངོའི་ཟླ་ལྟར་རྒྱས་ཏེ། བདེ་སྐྱིད་ཀྱི་དཔལ་ལ་རོལ་ཕྱིར། འདི་ག་༧སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ལོ་རེའི་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ་རུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཡོད་པ་བཞིན། འདི་ལོར་ཡང་བོད་ཟླ་གསུམ་པའི་ཚེས་པ་ ༠༣ གྱི་ཉིན། ལམ་འཕྲང་བསལ་བ་དང་། ཉེའུ་འདོན་པ། འབུམ་དང་གསེར་འོད་ཀློག་འདོན་ལ་སོགས་སྣ་སེལ་གྱི་ཆོ་ག་རྣམས་དང་། མཆོད་པའི་བཤམས་བཀོད་དང་གཏོར་མ་བཅའ་བཟོ་སོགས་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་བགྱིས་ཤིང་།
དེ་རིང་བོད་ཚེས་ ༠༤ ནས་དབུ་བཟུང་སྟེ་བདུན་ཕྲག་གཅིག་གི་རིང་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བསླབ་གསུམ་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན་དང་། སྨན་རིའི་གཞི་རིམ་གྱི་སློབ་ཕྲུག དེ་བཞིན་བཙུན་དགོན་རཏྞ་སྨན་གླིང་བཅས་ནས། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་མཆོག་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ། བསླབ་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་ཆོས་རྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རབ་ཏུ་རྒྱས་པ་དང་།
ཁྱད་པར་དུ་ཉེ་བའི་ལོ་ཤས་ནང་འཛམ་གླིང་ཡོངས་ལ་དཀའ་ངལ་ཕྲད་དང་འཕྲད་བཞིན་པའི་ནད་མུག་འཁྲུག་རྩོད་ལ་སོགས་མི་མཐུན་རྒུད་པའི་ཚོགས་མཐའ་དག་མྱུར་དུ་ཞི་སྟེ། སྐྱེ་འགྲོ་ཡོངས་ལ་མཐུན་རྐྱེན་བདེ་སྐྱིད་ཀྱི་ཉི་མ་ནུབ་མེད་དུ་འཆར་བའི་ཆེད། མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་ཡོད་པ་དང་། གཞན་ཡང་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ། བོན་གཞིས་ཐོབ་རྒྱལ་གསར་པའི་གཞི་མི་མི་མང་ཡོངས་ནས་བོན་སྐྱོང་ཚོགས་བསྡུས་གསོག་སྒྲུབ་གནང་བཞིན་ཡོད་པ་ལགས་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དུས་བཟང་འདི་བསྟུན་གྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་བཅས།
སྤྱི་ལོ་ ༢༠༢༣ ཟླ་ ༠༤ པའི་ཚེས་ ༢༤ ཉིན་གཡུང་དྲུང་བོན་དྲ་ཚིགས་ཁང་ནས།