གཡུང་དྲུང་གླིང་གི་མཁན་རབས་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་མཛད་རྣམ་དོན་འདུས་འོད་གསལ་ཟླ་གཞོན།

མཐའ་བྲལ་ཡེ་གཞི་དབྱིངས་ཀྱི་ཡོན་ཏན་ལས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྣང་བ་འབུམ། །འཕྲིན་ལས་རྣམ་བཞིའི་ཟེར་ཕྲེང་བསམ་ཡས་ཀྱིས། །སྲིད་ཞིའི་ལམ་སྟོན་བླ་མའི་ཞབས་ལ་འདུད།། ༧ རྒྱལ་བའི་གསང་གསུམ་རྟ་བདུན་དཀྱིལ་འཁོར་གང་། །སྐྱེ་དགུའི་ཞག་མིག་བསྒྲད་ཀྱང་སྣང་དཀའ་བས། །ཁྱེད་གསུང་ཀུ་ཧུའི་དབྱངས་ཀྱིས་གསལ་བྱེད་པ། །བཤེས་གཉེན་དཔོན་གསས་རིམ་པར་བྱོན་ལ་བསྔགས།། ༧ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ནོར་བུའི་དངོས། །གང་གིས་བཀུར་བསྟིའི་བགྱི་བ་མི་དམན་པ། །རྒྱལ་སྲས་འཕགས་པའི་རྣམ་འཕྲུལ་དུ་གསུངས་པས། །དམ་པ་གང་ཁྱེད་བསྟན་འགྲོའི་དཔལ་དུ་བྱོན།། ༧ བརྩེ་ཆེན་བདག་ཉིད་ལྷ་ཡི་ལྷ་རྣམས་ཀྱིས། །བསྟན་པའི་འགལ་རྐྱེན་དུས་སུ་བསྲང་བའི་ཕྱིར། །ངུར་སྨྲིག་འདབ་མ་གཡོ་བའི་ཁོངས་གསེང་ནས། །གཟུགས་སྐུ་འོད་སྟོང་འབར་བའི་སྣང་བ་རྒྱས།།

དེ་ལ་འདིར་རྣམ་རྒྱལ་ཀུན་གྲགས་གླིང་གི་ཁྲི་འཛིན་མཁན་རབས་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེའི་རྣམ་ཐར་མཐོང་ཐོས་ཀྱི་ཚོགས་ཇི་ལྟར་ཐོབ་པ་རྣམས་གོང་གི་གསང་གསུམ་གྱི་ཡོན་ཏན་ལ་དད་པའི་རྐྱེན་དུ་འགོད་པ་ལ། སྐུ་བལྟམས་པའི་ཚོམ་དང་། བསླབ་སྡོམ་བཞེས་ཤིང་ཐོས་བསམ་གྱི་ཚོམ་དང་། གདན་འཛིན་བསྟན་བསྐྱང་གི་ཚོམ་དང་། དུས་ཀྱི་གཉན་འཕྲང་ལས་གཡོལ་ཞིང་ཐུགས་དམ་ལ་བརྩོན་བཞིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཚོམ་བཅས་བཞི། དང་པོ་ནི། སྐུ་བལྟམས་པའི་ཡུལ་ཨ་མདོ་ཤར་པ་གཟོང་ཆུའི་ཡུལ། མཁར་སྒོང་རུ་བ། འདུས་སྡེ་སྐྱང་ཚང་དགོན་གྱི་མཆོད་སྡེ། རྒྱ་ཞིང་ཚང་དུ་ཆུ་བྱི་ལོར་༼༡༩༡༢༽འཁྲུངས། གཉིས་པ་ནི། དམ་པ་ཉིད་སྐུ་ན་སོན་སྐབས་འདུས་སྡེ་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་ངམ་རྣམ་རྒྱལ་ཀུན་གྲགས་གླིང་ཞེས་མཚན་ཡོངས་སུ་གྲགས་པ་འདིར་ཕེབས། འདི་ཆགས་ས་དགོན་གནས་གཡས་རུ་གཙང་པོའི་བྱང་འགྲམ། འོ་ཡུག་ལུང་པའི་མདའ། མགུལ་ལྷ་བཅུ་གསུམ་གྱི་ནང་ཚན་འོ་ལྷ་རྒྱལ་བཟང་གི་མདུན། ནུབ་ལྷ་རྟེན་དྲུག་གཉེན་པོའི་གཡས་ཟུར། མི་ལའི་བླ་མ་གཡུང་སྟོན་ཁྲོ་རྒྱལ་དང་། ཁུ་ཚ་ཟླ་འོད་འབར་གྱི་བཀའ་བབ་གཏེར་སློབ་མཁར་སྟོན་ཁྲོ་རྒྱལ་གཉིས་ཀྱི་ཡུལ་ནས་མི་རིང་བའི་ནུབ་ཕྱོགས་རུ་ལག་ཟེར་བའི་ས་གནས་སུ། ལྷ་བླའི་ལུང་ཟིན། “རྟ་ལ་འབྲུག་གིས་གཡུང་དྲུང་བྲིས།” ཞེས་པ་དེར་སྨན་རིའི་མཁན་ཆེན་བསོད་ནམས་བློ་གྲོས་དང་། ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་སྣང་ཞིག་གི་གདུང་ལས་བྱོན་པ་༧སྐྱབས་མཆོག་ཟླ་བ་རྒྱལ་མཚན་རྣམ་གཉིས་ཀྱིས་ཤིང་རྟ་ལོར་ཕྱི་ལོ་༼༡༨༣༤༽ཆགས་བཏབ་པའི་གཡུང་དྲུང་བོན་གྱི་རིང་ལུགས་རྨ་མེད་འཛིན་པ་ཤེལ་དཀར་ལྟ་བུ་རྒྱལ་བ་བྲུ་ཡི་སྲོལ་རྒྱུན་བསྐྱང་བའི་འདུས་སྡེ་ཆེན་པོ་རྣམ་རྒྱལ་ཀུན་གྲགས་གླིང་ཞེས་མཚན་གསོལ། དགོན་སྡེའི་ནང་བཅུད་དུ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་སྣང་སྟོན་ཆེན་པོའི་དགོངས་བཞེད་བཞིན་སྨན་རི་ནས་འདུས་གྲྭ་བཅུ་གསུམ་མར་ཁྲིད་པ་དང་བཅས་པས་གཙོས་གཞུང་ཆེན་རྣམས་ཀྱི་བཤད་གྲྭ་བཙུགས། དཔོན་སློབ་དང་པོ་རྣམ་དག་འོད་ཟེར་ཞུ་བ་བསྐོས། དགོན་གྱི་དབུ་འཛིན་སྣང་སྟོན་ཆེན་པོའི་ཁྲི་འཛིན། ལྷ་དང་སྲུང་མའི་ཡེ་ཤེས་སྤྱན་གྱིས་གཟིགས་བདམས་གནང་བ། གཡུང་དྲུང་བསྟན་དབང་། སྐལ་བཟང་ཉི་མ། ཕུན་ཚོགས་དབང་རྒྱལ། ཚུལ་ཁྲིམས་དབང་རྒྱལ། ཤེས་རབ་བློ་ལྡན། ཤེས་རབ་ཉི་མ། བློ་གྲོས་རྒྱལ་མཚན། བློ་གྲོས་ཉི་མ། ཤེས་རབ་བསྟན་པའི་རྒྱལ་མཚན་བཅས་རིམ་བཞིན་བྱོན། དེ་ཡི་ནང་ནས་བློ་གྲོས་རྒྱལ་མཚན་གྱི་སྐུ་དུས་སུ། སྔ་སྟོད་སྐུ་བསོད་ཤིན་ཏུ་རྒྱས་པའི་ཚད་ལགས་ཤིང་། བར་དུ་བཙུན་གཟུགས་ལོག་པའི་བློ་ཅན་བཞི་ཡི་བྱེད་སྤྱོད་ལ་བརྟེན་ནས་དགོན་འདིར་ཉམས་རྒུད་ཚོད་མེད་བཏང་། མཁན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ཡང་སྐུ་ཚེ་ཡུན་རིང་མ་བཞུགས། མཛད་པ་ཡོངས་རྫོགས་འཕྲོ་ལུས་སུ་གྱུར། དེ་རྗེས་མཁན་རིན་པོ་ཆེའི་དགོངས་རྫོགས་གྲུབ་ནས་ཡུན་རིང་མ་སོང་བར་ཡོངས་འཛིན་ཡོན་ཏན་རྒྱ་མཚོ་ཡང་དགོངས་པ་བོན་དབྱིངས་སུ་གཟིགས།

དེ་ནས་སླར་སྔར་སྲོལ་བཞིན་ཟན་རྟགས་བསྒྲིལ་བབས་མཁན་རིན་པོ་ཆེ་བློ་གྲོས་ཉི་མ་བྱོན་ཀྱང་། ལོ་ཤས་ལས་མ་བཞུགས་དགོངས་པ་རྫོགས། དེ་དུས་དཔོན་སློབ་ཤེས་རབ་བསྟན་པ་རབ་རྒྱས་ཞུ་བ་ཞིག་བསྐོས། དེ་ལྟར་དགོན་པ་ཉམས་རྒུད་ཆེ་བའི་སྐབས་འདིར་དམ་པ་འདི་ཕེབས་པ་ནས་བཟུང་དགོན་སྡེ་ཉམས་གསོས་དང་། སྔར་སྲོལ་བཞིན་ཕྱི་ནང་གང་ས་ནས་རྒྱུན་བསྐྱང་བའི་དབུ་ཚུགས་སོ། །དམ་པ་འདི་པ་གདན་སར་འབྱོར་ནས་མཁན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དང་། ཡོངས་འཛིན་ཡོན་ཏན་རྒྱ་མཚོ་མཁན་སློབ་གཉིས་བར་ནས་བསླབ་སྡོམ་བཞེས་པ་དང་། ཐོས་བསམ་གྱི་དབུ་ཚུགས། དེ་ཡང་དགོན་གྱི་སྤྱི་སྒྲིག་བཞིན་བསྡུས་རྟགས། ཚད་མ། ཕར་ཕྱིན། ས་ལམ། དབུ་མ། འདུལ་བ། མཛོད་བཅས་གསན་བསམ་མཛད་དེ། དམ་པ་འདི་ཉིད་འདུས་སྡེའི་ནང་ནས་བརྩོན་འགྲུས་དཔེ་ཟླར་འོས་པ་ཞིག་གོ། གཞན་ཡང་དམ་པ་འདིས་སློབ་ཟུར་ཚུལ་ཁྲིམས་ཡེ་ཤེས་དང་། དབལ་ཕུར་སྒྲུབ་པ་པོ་ཚེ་མཚམས་པ་བསྟན་འཛིན་དབང་གྲགས། ཕྱུག་གཙོ་མཁན་ཆེན་གཡུང་དྲུང་རྒྱལ་མཚན་སོགས་བསྟེན་ནས་དབང་ལུང་ཁྲིད་སོགས་གྱ་ནོམ་པ་མཛད། དེ་མཚུངས་བསླབ་བགྲེས་རྣམ་པ་གང་འོས་པའི་དྲུང་ནས་ཐུན་མོང་གི་རིག་གནས་ཀྱང་གང་འཚམས་གསན་སྦྱོང་མཛད། འགལ་རྐྱེན་གྱི་སྐབས་དང་འཕྲད་ནས་ཡོངས་འཛིན་ཡོན་ཏན་རྒྱ་མཚོའི་དྲུང་དུ་དགེ་བཤེས་ཀྱི་མཚན་བཞེས་པ་མ་བྱུང་བས། ཡོངས་འཛིན་ཤེས་རབ་བསྟན་པ་རབ་རྒྱས་ཀྱི་དྲུང་ནས་གསན་སྦྱོང་མཐར་བསྐྱངས། དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཀྱང་བཞེས། གསུམ་པ། གདན་སའི་སྤྱི་སྲོལ་བཞིན་ལྷ་དང་སྲུང་མར་འཕྲིན་བཅོལ་ནན་ཞུ་དང་ཡེ་ཤེས་དབྱིངས་གཟིགས་ཀྱིས་གདན་སའི་ཁྲི་འཛིན་མཁན་པོ་འདེམས་བསྐོས་ཞུས་པས། དམ་པ་ཁོང་གི་མཚན་ཐོན་ནས་ཀྱང་ལོ་ཤས་ཐུགས་དམ་དང་ཉམས་བཞེས་མཛད་ནས། བླ་སྒར་བཅས་ཏེ་ཞབས་གྲས་ཁ་ཤས་དང་བཅས་བྱང་གནམ་མཚོ་ཁ་ཡི་བོན་སྡེ་ཀྲེ་བ། སྡེ་རྙིང་ཤེ་མ་བཅས་སུ་དད་སྦྱིན་རྣམས་ཀྱི་འདོད་བསྐང་མཛད། དུས་སྐབས་དེར་གཤེན་འཛམ་གླིང་དབང་འདུས་ཡུལ་དེར་བཞུགས་པ་དང་འཕྲད་པས། གཙུག་གཏོར་གདུགས་དཀར་དང་ཚེ་སྒྲུབ། བྱམས་མ་བཅས་ཀྱི་བཀའ་དབང་གསན་བཞེས་མཛད། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་དབེན་གནས་སུ་བཞུགས་པར་མཇལ་ཞུ་དང་ཞལ་གདམས་སོགས་གསན། དེ་ནས་རིམ་བཞིན་བྱང་འབྲོག་བོན་སྡེ་ཨ་མདོ་བར་ཐ། གེ་མོ། རྫ་དམར། ཨ་གྲགས། སོག་སྡེ་ལྷོ་བྱང་། སྟོད་སྨད་རྣམས་སུ་དད་སྦྱིན་སོ་སོའི་རེ་སྐོང་དང་། འབུལ་འབྱོར་སོགས་ཀྱང་རྒྱ་ཆེ་བྱུང་བཞིན་འབྲོག་སྡེའི་ཡུལ་དུ་ལོ་ཤས་བཞུགས། ལྕགས་ཡོས་ལོ་ཕྱི་ལོ་༼༡༩༥༡༽ལ་མཁན་རིན་པོ་ཆེ་དགོན་དུ་ཡར་ཕེབས། ཕུར་པའི་སྨན་སྒྲུབ་འོད་ཟེར་འབར་བ་ཚུགས། དེ་དུས་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་དགོན་དུ་ཕེབས་པ་དང་། འདུ་འཚོགས་ཤིན་ཏུ་གཟི་བརྗིད་ཆེ་བའི་རང་བཞིན་དུ་གྱུར། དེ་ནས་འདུས་སྡེ་གཡུང་དྲུང་གླིང་གི་ཕྱི་ནང་གི་གནས་སྟངས་གང་སྤྱི་སྔར་བཞིན་དར་རྒྱས་སུ་བསྐྱོད་བཞིན་པ་དང་། མཁན་རིན་པོ་ཆེ་སླར་ཧོར་སོག་སྡེའི་དད་སྦྱིན་རྣམས་ཀྱིས་རེ་ཞུས་དང་འབྲེལ་བྱང་ཕེབས་མཛད། ༧ གང་སྐུ་ངུར་སྨྲིག་མདངས་འཛིན་དར་ཆས་ནང་། །བསླབ་གསུམ་ལང་ཚོ་བདོ་བའི་གཞོན་ཚུལ་འཆང་། །ཉམས་དང་རྟོགས་པའི་དྲི་བསུང་ཡོངས་སུ་གཡོ། །སྐྱེས་མཆོག་འདོད་འབྱུང་སྲིད་ཞིའི་དཔལ་དུ་བསྔགས།། ༧ ཤིང་རྟ་ལོ་༼༡༩༥༤༽དགོན་གྱི་སྦུག་མཇལ་དུ་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་ཟངས་གསེར་ལས་བྱས་པ་ཐོག་ཚད་གཉིས་ཅན་བཞེངས་པ་དང་། དེ་ཡི་ནང་རྟེན་གཟུངས་གཞུག་རྒྱས་པ་ཚར་བཅུ་བདུན་ལས་གསེར་བྲིས་ཚར་གཅིག དངུལ་བྲིས་ཚར་གཅིག གཞན་མཚལ་པར་ཅན་བཅས་ཚུལ་མཐུན་བཞེངས་ཤིང་བཞུགས་པ་དང་། ཤིང་ལུག་ལོ་༼༡༩༥༥༽རིན་པོ་ཆེ་དགོན་དུ་ཕེབས་ནས་རྟེན་ལ་རབ་གནས་སོགས་མཛད་ནས་དགོན་དུ་བཞུགས། མེ་བྱ་ལོ༼༡༩༥༧༽བྱང་དུ་ཕེབས་པས་དུས་འགྱུར་གྱི་གྲགས་ཆེ་བས་གནམ་མཚོའི་ནུབ་ཕྱོགས་གྱེར་རུའི་དོ་ཡི་བདེ་གསལ་གསང་ཕུག་ཏུ་སྐུ་འཁོར་ཉུང་ཤས་བཅས་བཞུགས། ས་ཕག་ལོ་༼༡༩༥༩༽དགོན་པར་བཅོས་སྒྱུར་ཚུགས་ནས་མཁན་རིན་པོ་ཆེ་གདན་ཞུ་འབྱོར།

བཞི་པ་ནི། ཉེར་འཚེའི་དཔུང་ཚོགས་ཐལ་རྡུལ་འཁྲིག་ཀློང་ནས། །གསང་གསུམ་རྟ་བདུན་དབང་པོའི་དཀྱིལ་འཁོར་འཛུམ། །ཕན་བདེའི་སྣང་བ་ཉམས་མེད་མངོན་པར་གསལ། །དམ་པའི་ཆེ་རྟགས་ངོམས་དང་ལྷན་གཅིག་གོ། །
རིན་པོ་ཆེ་ཕྱི་ནས་མི་རིང་བར་ཕེབས་རྒྱུ་ཞལ་བཞེས་གནང་ནས་བང་མི་རྣམས་ཕྱིར་ལོག་རྗེས། རིན་པོ་ཆེ་སྐུ་འཁོར་གསུམ་ཆིབས་དྲེལ་ཁག་ཅིག་དང་བཅས་དང་རར་ལྕགས་བྱི་ལོ་༼༡༩༦༠༽སྨན་རིའི་མཁན་རིན་པོ་ཆེའི་སྐུ་འཁོར་བཅས་ལྷན་མཇལ་གནང་། མཁན་རིན་པོ་ཆེ་སྐུ་འཁོར་དགེ་བཤེས་ཚུལ་ཁྲིམས་བསམ་གཏན་དང་། སོག་སྡེ་གྲྭ་ཆུང་བཅས་དང་རའི་ཡུལ་ཕྱུག་གཙོ་སྟོད་ཀྱི་སར་ལྕགས་བྱི་ལོ་ཡི་ཟླ་བ་དང་པོའི་ཚེས་གཉིས་ལ་སྟོད་འབྲོག་ཕོན་ཆེན་བྲོས་བྱོལ་དུ་འགྲོ་བ་དང་། ཧོར་ཡེ་ཐའི་སྤ་ཚང་སྤྲུལ་སྐུ་སྐུ་འཁོར་བ་མང་དག་བཅས་རྒྱ་དམག་གིས་མཚོན་ཆར་ཕབ་ནས་མི་དང་དུད་འགྲོ་མང་དག་རྐྱེན་ལམ་དུ་སོང་། སྤ་ཚང་སྤྲུལ་སྐུ་འཁོར་བཅས་དང་མཁན་རིན་པོ་ཆེ་སྐུ་འཁོར་སླར་འཛོམས་ནས་ལྷན་དུ་ཕེབས་ཤིང་སྟོད་འབྲོང་པའི་སར་ཡུལ་མིས་རྗེས་འདེད་བྱས་ཏེ་མཁན་རིན་པོ་ཆེའི་ཞབས་ཕྱི་སོག་སྡེ་གྲྭ་ཆུང་རྐྱེན་ལམ་དུ་སོང་།

མཐར་ཁོང་རྣམས་ས་མཚམས་བརྒལ་ནས་ལ་སྟོད་དོལ་པོའི་སར་འབྱོར། དོལ་པོའི་ཡུལ་བྱི་ཚེར་གྱི་བོན་སྡེ་རྣམས་ཀྱིས་གུས་འདུད་སྣེ་ལེན་ཞུས། བསམ་གླིང་བླ་མ་དང་མང་ཚོགས་ཀྱིས་མཁན་རིན་པོ་ཆེར་མདོ་དྲི་མེད་གཟི་བརྗིད་དང་། མདོ་བར་ཏི་ཀ་བཅས་བཀའ་གཡར་ཞུས། དེ་ནས་རིམ་བཞིན་གོ་ཁའི་སྡེ་རོང་ས་རྣམས་བརྒྱུད་ནས་རྒྱ་གར་དུ་འབྱོར། རྡོ་རྗེ་གདན་དུ་ཏཱ་ལའི་བླ་མ་དང་ཆོས་ལུགས་ཁག་གི་བླ་གྲྭ་བྱེས་འབྱོར་རྣམས་འདུ་འཛོམས་སར་ཕེབས། དེ་ནས་རིམ་བཞིན་ཀུ་ལི་མ་ན་ལི་ཟེར་སར་རྒྱ་གར་དུ་བོད་མི་སྐྱབས་བཅོལ་བ་རྣམས་ལམ་བཟོར་བཀོད་སྒྲིག་ཡོད་པས་ས་གནས་དེ་ཡི་ཉེ་སྐོར་དུ་བོད་མི་སྔ་འབྱོར་གཞིས་ཆགས་པ་ཁག་ཅིག་བསམ་སེ་ཟེར་བར་ཡོད་པའི་ཁོངས། བཀྲ་ཤིས་རིན་ཆེན་ནང་མིས་མཁན་རིན་པོ་ཆེ་སྐུ་འཁོར་ལ་བསྙེན་བཀུར་ཞུས་ཏེ་མེ་ལུག་ལོ་༼༡༩༦༧༽བར་དེ་ཁར་བཞུགས། དགེ་བཤེས་ཚུལ་ཁྲིམས་བསམ་གཏན་གྱིས་ཞབས་ཕྱི་ཞུས། ཆེ་མཆོག་ཟེར་བའི་ཨ་མདོ་དེས་ཆིབས་དྲེལ་མཚོ་བསྐྱང་དང་། བརྡ་གླ་ལེན་པ་སོགས་བྱས། མེ་རྟ་ལོ་༼༡༩༦༦༽བོན་པོའི་གཞིས་ཆགས་ཐོབ་རྒྱལ་གསར་པ་ཚུགས་པས་དེར་གདན་ཞུ་བྱས།

དེ་ཁར་བོན་མི་བཞི་བརྒྱ་སྒྲིགས་ཚུགས་ཀྱི་དབུ་འཛིན་མཚན་བཞེས་གནང་། ༼༡༩༦༢༽ལོར་སྨན་རིའི་མཁན་རིན་པོ་ཆེ་ཤེས་རབ་བློ་གྲོས་དགོངས་པ་རྫོགས་རྗེས། བྲོས་བྱོལ་བོན་མི་ཚོའི་འདོད་པ་བསྟུན་ཕྱིར་བྱེས་འབྱོར་དགེ་བཤེས་ཡོད་ཅོག་གི་མཚན་རྟགས་སྔར་སྲོལ་བཞིན་མཁན་རིན་པོ་ཆེ་དང་། སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན། སྤ་བླ་ཀུན་བཟང་རྒྱལ་མཚན། སྒྲུབ་མཁན་བརྩོན་འགྲུས་རྒྱལ་མཚན། ཕྱུག་གཙོ་མཁན་རིན་པོ་ཆེ་གཡུང་དྲུང་རྒྱལ་མཚན་སོགས་ཀྱིས་དབུས་སྨན་རིའི་མཁན་ཆེན་སྔར་སྲོལ་བཞིན་བསྒྲུབས་ཐོན་བྱུང་བ་ལྗོང་སྡོང་སངས་རྒྱས་བསྟན་འཛིན་སྨན་རིའི་མཁན་པོ་ཐོན། ཁོང་ནས་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་སྐབས་བབས་བསླབ་ཁྲིད་ཟབ་གདམས་གང་དམར་གསན་བསམ་མཛད། སྐུ་བཅར་གྱི་ཞབས་ཞུ་ཡང་གང་ཟབ་གནང་བ་བཅས་སོ། །དམ་པ་ཁོང་གིས་གཞིས་མི་རྣམས་ལ་གང་འདོད་ཀྱི་ཁྲིད་གདམས་དབང་ལུང་སོགས་ཀྱང་གྱ་ནོམ་པ་མཛད་པ་དང་། རྣམ་ཀུན་ཏུ་རིན་པོ་ཆེ་ཡང་ཐུགས་དམ་སྒྲུབ་བརྩོན་སོགས་ལྷོད་མེད་གནང་བཞིན་པའི་ངང་༼༡༩༦༩༽བསྙུན་བཞེས་སྐབས་དགེ་བཤེས་ཚུལ་ཁྲིམས་བསམ་གཏན་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་རྣམ་གཉིས་གཙོས་སྨན་བཅོས་བསྙུན་གཡོག་གང་ཟབ་གནང་བཞིན་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་དགོངས་པ་བོན་དབྱིངས་སུ་བསྡུས། སླད་ནས་གདུང་མཆོད་ཀྱི་མཛད་པ་དང་། སྐུ་གདུང་བཞེངས་པ་སོགས་ཁོང་རྣམ་གཉིས་ཀྱིས་མཐར་ཕྱིན་པར་མཛད་པ་བཅས་སོ། །

༧ སྐྱེས་མཆོག་དམ་པ་རྣམས་ཀྱི་རྣམ་པར་ཐར། གསང་གསུམ་ཡོན་ཏན་སོ་སྐྱེའི་ཡུལ་ལས་འདས། །འོན་ཀྱང་མཐོང་ཐོས་རང་བཞིན་བརྗོད་པ་ནི། །སྐྱབས་མཆོག་བླ་མ་དྲན་པའི་དད་རྟེན་བཀོད།། ༧ འདི་ལྟར་ཉུང་ངུའི་ཚིག་གི་བཀོད་པ་ལ། །སྤྲོས་པར་དགྱེས་པའི་ཁྱུ་རྣམས་མི་མོས་མོད། །སྐྱབས་ཀྱི་ཡུལ་ལ་དད་དང་མོས་པའི་ཆེད། །བྲིས་པའི་དགེ་ཚོགས་འགྲོ་ཀུན་ཐར་ཕྱིར་བསྔོ།། ༧ ཅེས་ད་བཞུགས་གཡུང་དྲུང་གླིང་གི་ཁྲི་འཛིན་མཁན་རིན་པོ་ཆེའི་གསུང་འཕྲིན་མ་ལྡོག་ཙམ་དུ་བགྲེས་པོ་བསྟན་རྣམ་གྱིས་ཕུལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow