༧དབྲ་གཏེར་བླ་མ་ཐོགས་མེད་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཟླ་བ་རྒྱལ་མཚན་སྤྲུལ་པ་ནི། །དབྲ་ཡི་གདུང་བརྒྱུད་བླ་མ་མཚན། །སྐྱེ་བ་གསུམ་དུ་རྣམ་འཕྲུལ་མཛད། །རྒྱུད་ལུང་མན་ངག་དོན་རྡོལ་ཤིང་། །གསང་གཏེར་རང་བརྡོལ་ཁ་འབྱེད་འགྱུར། །གསུམ་ཀས་འགྲོ་དོན་དཔག་མེད་འབྱུང་། །ཞེས་འབྱུང་ལ། །ཁོད་སྤུངས་དྲན་པ་དང་ཟླ་བ་རྒྱལ་མཚན་སྤྲུལ་གཞི་གཅིག་པར་གསུངས་ལ། བློ་ལྡན་ཁ་བྱང་ལས། ཁོད་སྤུངས་ཐུགས་ཀྱི་སྤྲུལ་པ་ལ།།བླ་མ་ཐོགས་མེད་བྱ་བ་ཡིས། །སྦས་མངོན་ཐབས་ཀྱིས་འགྲོ་དོན་མཛོད། །གང་མཇལ་ངན་སོང་གསུམ་ལས་ཐར། །ཞེས་སོགས་ཁོད་སྤུངས་དྲན་པ་ནམ་མཁའི་རྣམ་རོལ་དུ་རྡོ་རྗེའི་ལུང་ནས་ཟིན་པའི་སློབ་དཔོན་ཆེན་པོ་བླ་མ་ཐོགས་མེད་ཅེས་གྲགས་པ་དེ་ཉིད་ཀྱི་རྣམ་འཕྲུལ་གང་དུ་བསྟན་པའི་ཡུལ་ནི་ཨ་མདོ་ཁོད་པོ་ཞེས་པའི་གནས་སུ། ཡབ་སོང་ཁུང་དབྲ་ནག་གི་གདུང་ལས་སྔགས་བོན་ནུས་མཐུ་ཅན་ཁྲོ་རྒྱལ་རྩེ་མོ་ཞེས་འབོད་པ་ལ་སྲས་སྐལ་དུ་དམུ་གཤེན་ཁོད་སྤུངས་ཀྱི་སྤྲུལ་པའི་ས་བོན་ཉིད་དམུ་ཚ་སྒ་རིགས་ལས་གྲོལ་བའི་མཁའ་འགྲོའི་མཚན་ཅན་མཚོ་མོ་སྒྲོན་ཞེས་འབོད་པ་ལས་རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་གི་ལོར་སྐུ་བལྟམས། སྐུ་འཁྲུངས་མ་ཐག་ནས་ང་ནི་དྲན་པ་ནམ་མཁའ་ཡིན་ཞེས་པའི་གསུངས་བྱོན། ཞག་བདུན་དུ་ནུ་ཞོ་མི་གསོལ་ཡང་ཟོ་མདོག་བཟང་ཞིང་བདེ་བར་བཞུགས་པར་གྲགས། དེ་ནས་བསྐྱེད་བསྲེང་བས་བྱིས་པ་གཞན་ལོ་སྐྱེ་བས་ཟླ་་སྐྱེད་ཆེ་བར་བྱུང་བས་མཚོ་ནང་གི་པདྨ་བཞིན་ལང་ཚོ་འཕེལ་ཞིང་རྒྱས། བུད་མེད་ནག་མོ་རལ་གྲི་ཐོགས་པ་ཞིག་གིས་སྲུང་མ་བྱེད་པ་ཉེ་གནས་དུ་མས་མཐོང་བ་བྱུང་། བྱིས་པ་སྨྲ་ཤེས་ཙམ་ནས་སྐྱེ་བ་མང་པོ་རྗེས་སུ་དྲན། དགུང་ལོ་བཞི་ནས་འབྲི་ཀློག་གཉིས་ཀ་མཁྱེན། ལོ་ངོ་དྲུག་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་གཡུང་དྲུང་བདུད་འདུལ་དུ་གྲགས། བསྟན་པའི་བདག་པོ་བུ་སྟོན་བསོད་ནམས་བློ་གྲོས་ཀྱི་མདུན་ནས་གསང་སྔགས་སྤྱི་སྤུངས་སྐོར་གྱི་སྨིན་གྲོལ་མཐའ་ཡས་པ་གསན། རྒྱལ་རོང་གི་ཡུལ་དུ་རྫ་བོ་རིག་པ་རང་ཤར་མདུན་དུ་ཕེབས་ནས་བླ་མ་ཉིད་ཀུན་ཏུ་བཟང་པོར་དངོས་སུ་གཟིགས། རྫོགས་ཆེན་སྙན་བརྒྱུད་ཀྱི་ཡེ་དབང་ཆེན་མོ་ལྟར། དབང་བཞི་སྤྱི་དང་རིག་པ་རྩལ་དབང་བསྐུར་བས་རྡོང་གྲོལ་དུས་མཉམ་གྱི་དགོངས་པ་བརྙེས་པའི་ཚུལ་བསྟན། རྒྱལ་ཐེབས་ཀྱི་དབང་བསྐུར་ནས་བསྟན་པའི་བདག་པོར་མངའ་གསོལ་མཛད།
དེ་ནས་མུ་རྡོ་ལྷ་གཉན། སྦ་ཞབས་བྲག་དཀར་སོགས་སྦས་གནས་མང་པོར་ཐུན་མོང་ཕྱི་ནང་གི་སྔོན་འགྲོ། ཐུན་མིན་གསང་སེམས་སྙིང་པོའི་དོན་ལ་ཉམས་བཞེས་མཛད་པས་ཕྱི་ལྟར་ན་བདག་འཛིན་གྱི་འཁྲི་བ་ནང་ནས་ཆོད་པས་ཉོན་མོངས་ཆད། ནང་ལྟར་ན་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས། གསང་བ་ལྟར་ན་ལྷག་པའི་ལྷ་དབལ་གསས་རྔམ་པའི་བསྐྱེད་རིམ་ཚལ་དུ་བསྐྱལ་པས་ལྷ་སྣང་གྱད་དུ་གྱུར་ཏེ་ལྷའི་རྣམ་པ་གཞན་ལ་སྟོན་ནུས་པར་གྲགས། རྫོགས་རིམ་མཚན་བཅས་ཀྱི་ཉམས་ལེན་ལ་བརྟེན་ནས་རྩའི་མདུད་པ་གྲོལ་བ་དང་། རླུང་བཅུད་དབུ་མར་ཐིམ་ཞིང་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། ཁྱད་པར་ངེས་གསང་བླ་མེད་ཐེག་པའི་ཉམས་ལེན་གྱིས་བློ་འདས་ཀྱི་རིག་པ་ལྷོངས་སུ་བུད་དེ་འཁོར་འདས་གཉིས་སུ་འཛིན་པའི་རྒྱ་ལས་གྲོལ། ཀ་དག་ཟང་ཐལ་གྱི་དགོངས་པ་མངོན་དུ་གྱུར་ཏེ་ཀུན་ཏུ་བཟང་པོའི་དགོངས་པ་ལ་མངའ་དབང་འབྱོར་བས་ངེས་པ་དོན་གྱི་གྲུབ་པའི་གོ་འཕང་ལ་བཞུགས་པ་ཡིན་ནོ། །དེ་ནས་ཟབ་གཏེར་གྱི་དངོས་གྲུབ་བརྙེས་ཚུལ་ཡང་། དགུང་ལོ་ཉི་ཤུ་པར་དག་སྣང་གི་རྩལ་རྒྱས་ཏེ་ལྷ་དང་བླ་མ་ཌཱཀྐི་དུ་མའི་ཞལ་གཟིགས། གཏེར་གྱི་བརྡ་སྟོན་མང་དུ་བྱུང་། ཉེར་གཉིས་་པ་ལ་མཁའ་སྤྱོད་ཀྱི་ཞིང་དུ་བྱིན་ཏེ་བླ་ཆེན་དྲན་པ། ཚེ་དབང་། པད་འབྱུང་སོགས་དཔའ་བོ་མཁའ་འགྲོ་བྱེ་བའི་ཚོགས་གྲལ་དུ་རྩ་བ་གསུམ་གྱིས་སྨིན་གྲོལ་གདམ་པའི་དབང་བསྐུར་བྱིན་རླབས་རྗེས་གནང་ཐུན་མོང་མ་ཡིན་པ་སྩལ། གསང་མཚན་གར་དབང་བློ་གྲོས་ཐོགས་མེད་འགྲོ་འདུལ་ཕྲིན་ལས་ཡོངས་གྲུབ་རྩལ་ཞེས་པའི་མཚན་གྱི་ཅོད་པཎ་གསོལ་ཏེ་གཟེངས་བསྟོད་གནང་། ཟབ་གཏེར་གྱི་སྒོ་ནས་འགྲོ་དོན་བྱེད་པའི་ལུས་བསྟན་ཐོབ། དེ་ནས་གཏེར་འདོན་པའི་དུས་ལ་བབས་ནས་ཟབ་གཏེར་བཏོན་ཚུལ་ལ། སྦ་ཞབས་བྲག་དཀར་ནས་གཏེར་བདག་སྟེ་འདུ་ནག་མོའི་བརྡ་ལ་བརྟེན་ནས་གཏེར་གྱི་ཁ་བྱང་དང་ཤོག་སེར་བྲམ་ཟེའི་ཐོད་པ་སྒྲོམ་བུ་དང་བཅས་པ་གདན་དྲངས། ཤོག་སེར་བོད་ཡིག་ཏུ་ཕབས་པ་ལས་གཤེན་རབ་གསང་བའི་འབུམ་སོགས་བོན་སྡེ་བཅུ་ཕྲག་དུ་མ་བྱུང་། ཉག་ཤོད་དུ་བྱོན་ནས་གོང་ཤེལ་བྲག་དམར་ལྷ་རྫོང་གི་མདུན་ནས་བུ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རིགས་ཅན་ཞིག་གིས་རྐྱེན་བྱས་ནས་གསེར་སྐུ་ཨ་ཙ་མར་འབོད་པའི་སྐུ་རྟེན་བཀྲ་ཤིས་འོད་འབར་ཞེས་གྲགས་པ་སྤྱན་དྲངས། ཨ་བསྭེ་དྲ་གཉན་ཕ་མ་བོན་མོ་ནས་བྲག་བཙན་དང་མ་མོས་ལུང་བསྟན་པ་བཞིན་ཤེལ་གྱི་སཙྪ་དང་ཁ་བྱང་ཤོག་སེར་སངས་རྒྱས་ཀྱི་གསེར་སྐུ་གསེར་འབུམ་དེ་བཞིན་གཤེགས་པའི་རིང་བསྲེལ་རྣམས་བཏོན། བོན་སྡེ་ལ་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་སོགས་མང་དུ་བྱུང་། གཞན་ཡང་བསྣོལ་བྲག་རྒྱ་བོ་ནས་སྟོན་པའི་ཚེམ་དུང་དང་། ཤེལ་དང་གནམ་ལྕགས་ཀྱི་ཕུར་བུ་གདན་དྲངས། དབྱིངས་ཆེན་རབ་མང་ནས་གཡུའི་པྲོག་ཞུ་དང་། མཐིང་གི་བུམ་པ་སྨན་གྱི་དུང་སྐྱོང་རྣམས་གདན་དྲངས། སྙན་བརྒྱུད་ལས་ཀྱི་བྱུང་བའི་བོན་སྡེ་ལ། མདོ་སྡེ་བསྐལ་བཟང་པོད་གཉིས། ཚེ་སྒྲུབ་བྱ་རི་མ་སོགས་ཐོར་བུ་ནི་མང་དུ་བཞུགས་སོ། །
དེ་ནས་མདོ་ཁམས་ཀྱི་ཡུལ་སྤྱི་དང་། དྲ་གུ། བྲལ་མགོ། འདྲ་ཡུལ། མི་ཉག དར་མདོ། རྒྱལ་རོང་། ཨ་མདོ། ཧོར་ཡུལ་རྣམས་སུ་བྱ་བཏང་རྣལ་འབྱོར་གྱི་ལུངས་ཀྱིས་ཅི་བདེར་བྱོན་ནས། མཐའ་འཁོབ་མུན་པ་ལྟ་བུའི་ཡུལ་དུ་འཕྲུལ་ངག་བདེན་པའི་བོན་བཤད། རི་གཉན་རྣམས་ལ་ལྷ་ཐོ་བཅིང་། ལྷ་རྟེན་དར་གྱིས་གསོས་ཏེ། མི་རྟ་ཆས་འཛོམ་གྱིས་གོ་ཆ་སྣ་དགུ་ཐོགས་ནས་དགྲ་བླའི་དཔང་བསྟོད་བྱེད་པའི་སྲོལ་གནང་བས་འདྲ་ཡུལ་དང་ཉག་ཤོད་སོགས་སུ་ད་ལྟའི་བར་དུ་རྟ་རྒྱུགས་དང་མདའ་མཆོད་ཀྱི་སྲོལ་འདི་བྱུང་ཟེར། མི་ཉག་ཏུ་བྱོན་སྐབས་ཡུལ་ལྷ་བཞག་ར་ལྷ་རྩེ་དམ་ལ་བཞག ཕུར་བ་ནམ་མཁའ་ལ་བཏབ་པ་དང་གསེར་གྱི་སྦལ་བ་ཞིག་ཕུལ་བ་ཀུན་གྱིས་མཐོང་། དེའི་ཚེ་གཟན་གྱིས་གཤོག་པ་མཛད་ནས་རི་རྩེར་འཕུར་བས་བླ་མ་བྱ་ཕུར་ཞེས་གྲགས། མདོ་ཁམས་སུ་བོན་བསྟན་ཐོག་མར་སྤེལ་བ་པོ་མི་ཉག་ལྕེ་ཚ་མཁར་བུའི་སྐུ་རིང་ནས་བྱུང་བའི་ས་གནད་ཀྱི་མཆོད་རྟེན་རྣམས་ལ་ཞིག་གསོ་དང་རབ་གནས་མཛད། ཡུལ་གྱི་སོ་ཁ་སོ་སོའི་ས་དམིགས་རྣམས་སུ་དམ་སྲིའི་མནན་པ་དང་མེ་བཙའི་མཆོད་རྟེན་མང་དུ་བཞེངས། གཏའ་འཛུགས་དང་བུམ་གཏེར་སོགས་ཀྱི་རྟེན་འབྲེལ་གྱི་ས་བཅུད་གསོ་བ་དང་། ཡུལ་གྱི་འབྱུང་པོ་རྣམས་ལ་བཀའ་ནན་སྩལ་ཞིང་དམ་འོག་ཏུ་བཙུད་པ་སོགས་ལས་བཞིའི་ཕྲིན་ལས་སྣ་ཚོགས་ཀྱིས་མཐའ་དམག་དང་དུས་འཁྲུག་ཟློག་ཅིང་བསྐལ་ངན་བསྲེགས་པའི་མཛད་པ་རླབས་ཆེན་བསྒྲུབས། གནས་ཆེན་སྦ་ཞབས་བྲག་དཀར་གྱི་གནས་སྒོ་ཕྱེས་ནས་བསྐོར་ལམ་བཏོད། གནས་སྒྲུབ་དང་འབྲེལ་བར་དགོངས་པའི་བྱིན་ཕབ། གནས་ཡིག་དང་མཆོད་གསོལ་བཀའ་རྩོམ་གནང་བ་ད་ལྟར་ཡང་བཞུགས། དེ་ནས་བཟུང་གནས་དེར་རི་ཁྲིད་བཟུང་ནས་ལས་ཅན་གྱི་སློབ་མ་མཐའ་ཡས་པ་ལ་བོན་སྡེ་སྤྱི་དང་གསང་སེམས་སྐོར་གྱི་སྨིན་གྲོལ་གྱི་གདམས་པ་ཅི་རིགས་སུ་གནང་བས་རྩ་རླུང་ལ་དབང་འབྱོར་བ་དང་རྟོགས་པ་ཀློང་ནས་རྡོལ་བའི་སྒོམ་ཆེན་པ་དུ་མ་བྱུང་བར་གྲགས། བྱེ་བྲག་ཏུ་རང་གཏེར་གྱི་བོན་སྡེ་རྣམས་ཞལ་ཕྱེ་ནས་བོན་གྱི་བདག་པོ་རང་སྲས་གསུམ་གྱིས་གཙོར་བྱེད་པའི། མི་ཉག་རྟོགས་ལྡན་ཤེས་རབ་རྒྱལ་མཚན། རྒྱལ་རོང་ཤེས་རབ་རིན་ཆེན། དྲོ་ཤོད་པ་གཡུང་དྲུང་གྲགས་པ། འདྲ་སྟོད་སྙན་ཆེན་བླ་མ་བཅས་དུང་དཀར་ཐོགས་པའི་མི་བདུན་དུ་གྲགས་པ་དེ་རྣམས་དང་།
གཞན་ཡང་སློབ་མའི་ཚོགས་དུ་མ་ལ་དབང་ལུང་གི་རྒྱུན་སྤེལ་ཞིང་ཉམས་སུ་བཞེས་པས་མཆོག་ཐུན་གྱི་དངོས་གྲུབ་དུ་མ་ཐོབ་པ་བྱུང་། གཞན་ཡང་མཁའ་སྤྱོད་དང་ས་སྤྱོད་ཀྱི་ཞིང་ཁམས་དུ་མར་བགྲོད་དེ་དཔའ་བོ་དང་ཌྰ་ཀྐིའི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་ཅིང་ཉམས་དང་རྟོགས་པའི་མགུར་བཞེས་པ་དང་། དམ་ཅན་གཏེར་བདག་མི་མིན་དྲེགས་པའི་ཚོགས་ཀྱི་སྲོག་ཕྲོག་སྟེ་དམ་དུ་བཅུག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མཛད་ཅིང་འགྲོ་བ་མང་པོ་ཐར་པའི་ལམ་ལ་བཀོད་དེ། སྐུ་ཚེའི་སྨད་ཙམ་ན་ཉག་ཡུལ་སྐྱོབ་འབྱིན་སེང་ནག་གི་གནས་སུ་འབྱོན་པར་དགོངས་ནས་གནས་ཀྱི་གཡས་ཟུར་རྒྱལ་སྟག་ཅེས་པའི་ས་ཆར་སླེབས་སྐབས་གཞི་བདག་གཙོ་འཁོར་བཅུ་གསུམ་གྱིས་བསུ་བ་བྱུང་བས་ཐུགས་ཉམས་འུར་ཏེ་ཉམས་མགུར་བཞེངས་པ། ཨེ་མ། ཕྱི་སྣོད་འཇིག་རྟེན་དག་པའི་ཞིང་། །ནང་བཅུད་བསོད་ནམས་ལྷ་ཡི་སྐུ། །འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས། །འགྲོ་འདུག་ཕྱག་རྒྱ་ཡེ་ཤེས་གར། །རྩ་གསུམ་ལྷ་ཚོགས་བྱིན་རེ་ཆེ། །དམ་ཅན་སྲུང་མ་རྩལ་རེ་དྲག །ཡུལ་ལྷ་ལྕམ་དྲལ་ལས་རེ་མྱུར། །འདིར་ཚོགས་ལྷ་མི་རྣམས་རེ་དགའ། །ཡེ་ཤེས་ལྔ་ཡི་དགོངས་རྣམས་སྐྱོང་། །སྔགས་དང་སྙིང་པོའི་མགུར་དབྱངས་ལེན། །ལྷ་ཡི་ཕྱག་རྒྱས་བྲོ་གར་བསྒྱུར། །འཁོར་འདས་གཉིས་མེད་ཨེ་མ་ཧོ། ། ཞེས་པ་ལ་སོགས་པ་མགུར་འཐེན་ཞིང་བརྟུལ་ཞུགས་ཀྱི་བྲོ་གར་གྱིས་རྡོ་རྣམས་ལ་ཞབས་རྗེས་དང་ཕྱག་མཁར་གྱི་རྗེས་སོགས་བྱུང་། ཆིབས་རྟས་ཀྱང་རྡོ་ལ་རྗེས་བཞག་པ་དང་། ཆིབས་པ་འདོགས་མཐུལ་གྱི་ཕ་ཝ་འུག་པ་ཅན་དང་། ཧལ་བུ་ཞིག་ཡོད་པའི་རྗེས་ཀྱང་བྱོན། གཞི་བདག་རྣམས་དམ་ལ་བཞག་སྟེ་བསང་གསོལ་གྱི་ཆོ་ག་ཆེན་མོ་མཛད། བསྐོར་ལམ་བཏོད། རི་གོང་མཚོ་སྨན་རྒྱལ་མོའི་ནང་དུ་བྱིང་མེད་ཟང་ཐལ་དུ་གཤེགས་ནས་ཀླུའི་རལ་པ་བླངས། བཀའ་རྟགས་སུ་རལ་པའི་ཚལ་བུ་ཞིག་བཞེས་པ་ད་ལྟ་མི་ནུབ་བླ་བྲང་དུ་བཞུགས། མཆོད་དེ་ནས་མཚོ་སྨན་རྒྱལ་མོས་ཤེལ་སྒྲོམ་ཞིག་ཕུལ་བ་མ་འོངས་དཔེར་སྒྲོམ་བུ་འདིའི་ཞལ་འབྱེད་པ་ཞིག་འོང་བའི་ལུང་བསྟན་ཡོད་ཅེས་གྲགས། དེ་ནས་གནས་ཀྱི་དབུ་རྩེར་ཁྱུང་ཆེན་རྫོང་དུ་ལོ་གསུམ་དུ་དགོངས་པ་ལ་བཞུགས་ནས་གནས་ལ་བྱིན་འབེབས་དང་ཡུལ་གྱི་དམ་སྲི་མནན་སྲེག་སོགས་མང་དུ་མཛད་ནས་མ་འོངས་པར་ཡུལ་ཕྱོགས་འདིར་འཕྲུལ་ངག་བདེན་པའི་བོན་ཡུན་རིང་དུ་གནས་པའི་ཞལ་ལུང་གནང་བར་གྲགས་སོ། །
གདུང་བརྒྱུད་བྱིན་གྱིས་བརླབས་ཚུལ་ཡང་། རྗེ་བཙུན་ཆེན་པོ་འདི་ཉིད་དགུང་ལོ་ཉེར་ལྔ་པ་ལ་ལས་ཀྱི་ཕྱག་རྒྱ་བཞེས་ནས་གདུང་བརྒྱུད་ཀྱིས་གདུལ་བྱ་སྐྱོང་བའི་ལུང་བསྟན་བྱུང་སྟེ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མཚན་དང་ལྡན་པ་བསོད་ནམས་སྒྲོལ་མ་ཞེས་པ་བྲག་དམར་མདོར་བཞུགས་པ་ཁབ་ཏུ་བཞེས་པར་དགོངས་ནས་ཉག་ཤོད་དུ་བྱོན། ཡུམ་དེ་ལ་རྫུ་འཕྲུལ་གྱིས་སྲས་ཤིག་བྱིན་གྱིས་བརླབས་ཏེ་འཁྲུངས་པ་དེ་ལ། ཐུགས་སྲས་འཕྲུལ་གྱི་མི་བུ་ཞེས་བཏགས། དོན་དུ་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་ཞེས་བྱ་བ་དེ་ཡིན། ཕྱིས་སུ་ཡུམ་དེ་ཁབ་ཏུ་བཞེས་པའི་དངོས་ཀྱི་སྲས་རྣམ་དག་གཙུག་ཕུད་དང་། སྒྲུབ་གཤེན་སྣང་ལྡན་དང་གཉིས་བལྟམས། སྲས་བརྒྱུད་དེ་དག་ལ་བརྟེན་ནས་བསྟན་འགྲོའི་ཕྲིན་ལས་ནམ་ཡང་ཆད་པ་མེད་པའི་འབྱུང་གནས་སུ་གྱུར་ཏོ། །དེ་ལྟར་བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གསུམ་བཞེས་པའི་མེ་མོ་གླང་གི་ལོར་མི་ཉག་གི་ཡུལ་བཞུགས་པའི་སྐབས་སུ་སློབ་འབངས་རྣམས་ལ་སྐུ་ལ་སྙུན་མེད་ཀྱང་། ད་ནི་ཁོ་བོ་རེ་ཞིག་འགྲོ་བའི་དུས་ལ་བབས་པས་ང་གྲོང་ཟིན་པའི་འོག་ཏུ་སྐུ་གདུང་དྲེའུ་རྒྱ་སྐྱ་ཟེར་བ་འདི་ལ་ཁོལ་ལ་ཐོངས། དྲེའུ་ཉལ་ནས་ཡུན་རིང་པོར་འགྲོ་མི་འདོད་པ་རྣམས་སུ་བདག་གི་ཡོ་བྱད་སྣ་རེ་ཞོག་ལ་གདུང་རྟེན་རེ་བཞེངས། དྲེའུ་ཉལ་ནས་ལངས་མི་གཏུབ་པའི་ས་དེར་སྐུ་གདུང་ཞོག་ལ་ལོ་གསུམ་དུ་མཆོད་པ་གྱིས། ལོ་གསུམ་པ་ལ་རྟགས་མཚན་ཞིག་འོང་བས་དེའི་ཚེ་གདུང་བཞུས་ལ་ས་དེར་གདུང་འབུམ་བཞེངས། ཕྱོགས་གཞན་དུ་ཅུང་ཟད་འགྱེད་ལ་དགེ་བསྐུལ་གྱིས་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ཕན་ཞིང་། བསྟན་པ་སྤྱི་ལ་གནོད་པའི་དམ་སྲིའི་ཆོ་འཕྲུལ་གྱིས་གནོད་པའི་བཟློག་ཅིང་ཡུལ་གྱི་སོ་ཁ་སྲུང་བའི་དགོས་པ་ཡོད་ཅེས་གསུང་གི་གསང་བ་གསལ་བར་ཕེབས། དེ་ནས་ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅུ་ལ་དབྱིལ་གཏེར་རིག་འཛིན་འདུས་པའི་ཚོགས་མཆོད་ཅིག་གནང་བའི་སྨོན་ལམ་སྐབས། ཞིང་ཁམས་འདི་ནས་མཁའ་སྤྱོད་ཞིང་དུ་འགྲོ། རིག་འཛིན་མཁའ་འགྲོའི་ཚོགས་གྲལ་ཉུལ་དུ་འགྲོ། དཔའ་བོ་མཁའ་འགྲོའི་གླུ་གར་བལྟ་རུ་འགྲོ། ལྷན་སྐྱེས་ཡེ་ཤེས་རོལ་རྩེད་བྱེད་དུ་འགྲོ།
ཞེས་སོགས་ཉམས་མགུར་གནང་བཞིན་ལྟ་སྟངས་ཀྱི་ངང་ནས་སྤྱི་བོ་ནས་འོད་ཟེར་དཀར་པོ་བཀྲག་དཔུང་ངེ་བ་ཞིག་འཕྲོས་ཏེ་སྐུ་ཚེའི་འདུ་བྱེད་བསྐུལ་ཏེ་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་གཤེཌ་སོ། །དེའི་ཚེ་ས་གཡོ་བ་འཇའ་ཚོན་གྱི་རི་མོ་སྣ་ཚོགས་ཤར། བྱ་རྒོད་དུ་མ་འདུས་ནས་བསྐོར་བ་བྱེད་པའང་བྱུང་། དེ་ནས་ཞལ་བཀོད་བཞིན་དུ་གདུང་སྲས་རྣམ་གཙུག་ཕུད་དང་སྒྲུབ་གཤེན་སྣང་གཉིས་དང་སློབ་བརྒྱུད་བཅས་ཀྱིས་མཆོད་པ་རྒྱས་པར་བྱས། ཞག་བདུན་ནས་བྱ་རྒོད་རྣམས་གྱེས་ནས་སོང་བ་དང་མཉམ་དུ་གདུང་དྲེལ་ལ་བཀལ་ནས་བཏང་བས་ཞལ་ཆེམ་བཞིན་བྱུང་ནས་དྲེའུ་ཉལ་ས་རྣམས་སུ་གདུང་རྟེན་རེ་བཞེངས། ཧོར་བྲག་མགོའི་ཕྱོགས་རྒྱལ་བཟང་ཞེས་པའི་རི་རྩེར་འཇོགས་ནས་ནོར་བུ་སྤུངས་རི་ཞེས་པར་ཕྱིན་ནས་ཉལ་ནས་ལང་དུ་མ་བཏུབ་པ་དེར་སྐུ་གདུང་བཞག་ནས་གདུང་ཁང་བཞེངས་པས་ལྷ་འདྲེས་གྲོགས་བྱས་ནས་ཉིན་གཅིག་གིས་ལེགས་པར་གྲུབ་ཟེར།
དེ་ནས་ཞག་བདུན་ན་སྐུ་གདུང་གི་འགྲམ་ནས་ཤུག་པ་ཞིག་ཐོལ་གྱིས་སྐྱེས་པས་སྐུ་ཤུག་ཅེས་དུས་ཕྱིས་བར་ཡོད་འདུག དེ་ནས་ལོ་གསུམ་པ་ལ་སྐུ་གདུང་ལས་མེ་སྟག་མང་པོ་བྱུང་བས་སྐུ་གདུང་བཞུས་པས། དབུ་ཐོད་ལ་ཐིག་ལེ་དང་ཧཱུྃ་ཡིག་སྔོན་པོ་བཅས་རིལ་པོ་དང་། སྒལ་ཚིགས་ལ་ཀུན་བཟང་རྒྱལ་བ་འདུས་པའི་སྐུ་ཚོན་གང་བ། གཞན་ཡང་རིང་བསྲེལ་ཕུལ་གང་ཙམ་བྱོན། གདུང་རུས་རྣམས་བཏུལ་ནས་ཆ་གཅིག་རླུང་ལ་གཤེགས། ཆ་གཅིག་ཆུ་ཆེན་ལ་དྲངས། ཆ་ཤས་རེ་ཕྱོགས་ཀུན་ཏུ་འགྱེད་པས་རྟེན་དང་འགྲོ་དོན་རླབས་ཆེན་འཕེལ། ཆ་གཅིག་གིས་སཙྪ་བཏབ་ནས་ནོར་བུ་སྤུངས་རིའི་ཕྱོགས་མཚམས་སུ་སྦས་པས་རི་དེ་ལ་དེང་སང་གདུང་འབུམ་དུ་གྲགས། ད་ལྟ་ཉག་རོང་གི་ཕྱོགས་སུ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་རྒྱུད་པ་ལ་བླ་རབས་རྒྱུད་གསུམ་དུ་ཕྱེ་སྟེ། མི་ནུབ་བླ་རབས། སུ་ལ་བླ་རབས། ཁོ་སྤུངས་བླ་རབས་བཅས་སོ།།