གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༠ བོད་ཆུ་ཡོས་ལོའི་ཟླ་ ༡༠ བའི་ཚེས་ ༡ དང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡༤ ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཁུངས་གཏོགས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་ཚོགས་ཡོད་པ་རེད། བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་བཙུན་དགོན་རདྣ་སྨན་གླིང་འདི་ནི་ནི་ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་༧སྐྱབས་རྗེ་༧སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཕྱག་བཏབས་གནང་བ་དང་།
ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ པའི་ཚེས་ ༢༠ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གིས་རྒྱ་གར་དུའང་བཙུན་མ་རྣམས་ཀྱི་ཆེད་བཤད་སྒྲུབ་འདུས་སྡེ་བཙུགས་ཤིང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༢ ཉིན། ༧སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཐུན་མོང་བསྡུས་གྲྭ་ནས་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ལེགས་པར་གནང་རྗེས།བཙུན་དགོན་རཏྣ་སྨན་གླིང་གི་མཚན་ཉིད་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་ནས་བཤད་གྲྭ་འདིའི་ཐུགས་འགན་ཡོངས་རྫོགས་བཞེས་ནས། སྡུད་གྲྭ་ནས་བཟུང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་བཀའ་པོད་ལྔ་དང་། མིང་གཞི། སྙན་ངག རྩིས་དཀར་ནག སྐུ་གདུང་དཀྱིལ་འཁོར། གཟུངས་བཞུགས་འབུལ་ཐབས་ཕྱག་ལེན་སོགས། ལོ་ངོ་དུ་མའི་རིང་ཁོང་གཅིག་པུས་འཆད་ཁྲིད་གནང་བཞིན་པ་དང་། དེ་མིན་སློབ་གཉེར་བཙུན་མ་རྣམས་ལ་གང་མོས་ཀྱིས་ཐང་སྐུ་སོགས་བོད་ཀྱི་གནའ་བོའི་སྒྱུ་རྩལ་ལ་དོ་སྣང་ཡོད་པ་དག་ལ་ཐང་སྐུ་འབྲི་བཞེངས་སོགས་བསླབ་བཞིན་ཡོད་ཞིང་།
ན་ནིང་སྐབས་དང་པོའི་དགེ་བཤེས་མའི་མཛད་སྒོ་ཚོགས་པ་དང་། ད་ལོ་ཡང་སྐབས་གཉིས་པའི་དགེ་བཤེས་མ་ལྔ་ལ་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་ཚུལ་བཞིན་བྱས་པའི་འབྲས་རྟགས་སུ་སྐབས་གཉིས་པའི་དགེ་བཤེས་མའི་མཛད་སྒོ་ཚོགས་ཡོད་པ་རེད།བཙུན་དགོན་འདི་ནི་བོད་ཀྱི་ཕྱི་ལོག་གི་བོན་གྱི་བཙུན་དགོན་ཐོག་མ་དེ་ཡིན་པ་མ་ཟད། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་བོན་གྱི་བཙུན་མ་རྣམས་ལ་གཞུང་ཆེན་ཁག་ལ་བཤད་སྒྲུབ་ཟུང་འབྲེལ་གྱི་སློབ་གཉེར་གནངས་སྟངས་དགོས་ངེས་སུ་དགོངས་ནས། བཙུན་མ་རྣམས་ལ་གཞུང་ལུགས་པོད་ཆེན་ལྔའམ་མདོ་སྔགས་སེམས་གསུམ་ལ་ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོའི་གཞུང་རྟ་ལྟ་བུ་མཚན་ཉིད་ཀྱི་གཞུང་ལའང་བརྩོན་བཞིན་ཡོད་ཅིང་། ད་ལྟ་བཙུན་མའི་གྲངས་བརྒྱད་ཅུ་ཙམ་ཡོད་ཞིང་། བཙུན་མ་ཆུང་བའི་རིགས་བོན་གཞིས་ཉིན་སློབ་དུ་སློབ་གྲྭར་འགྲོ་བཞིན་ཡོད། དེར་དབྱིན་ཇི་གཙོས་ཕྱི་རྒྱལ་གྱི་སྐད་ཡིག་དང་། སྤྱི་ཚོགས་རིག་གནས། ཚན་རིག རྒྱལ་རབས་ལོ་རྒྱུས། སྒྱུ་རྩལ་རི་མོ་སོགས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཆ་ཚང་སྦྱོང་བཞིན་ཡོད། བཙུན་མ་རྒན་རབས་པ་རྣམས་ཀྱིས་བཙུན་དགོན་ནས་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་སྐོར་དང་ཐུན་མོང་རིག་གནས་དང་བཅས་པར་༧གདན་ས་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་སྲོལ་སློབ་ཚན་ཇི་བཞིན་འབད་བརྩོན་བྱས་ནས། དེ་རིང་སྟེ་༢༠༢༣ལོར་སྐབས་གཉིས་པའི་དགེ་བཤེས་མ་གཏོང་འགོ་ཚུགས་ཡོད་པ་རེད།དེ་ཡང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་རྡོ་ཏིང་དང་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་བཙུན་དགོན་རཏྣ་སྨན་གླིང་གཙུག་ལག་ཁང་གི་གཡས་གཡོན་ནས་གདན་དྲངས་ཤིང་། ཚོགས་ཁང་མདུན་གྱི་རྡོ་བཅལ་ནས་བཙུན་དགོན་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་དང་།
ཉིན་དང་པོའི་བཀའ་རམས་མ་ཡང་སྟོན་དྲང་སྲོང་མ་བརྩོན་འགྲུས་བཟང་མོ་དང་། བཀའ་རམས་མ་ཡང་སྟོན་དྲང་སྲོང་མ་རྣམ་དག་བདེ་ཆེན་ལྷ་མོ་རྣམ་གཉིས་བཅས་དུས་གཅིག་ཏུ་ཚོགས་ཁང་མདུན་དུ་ཕེབས་རྗེས་རིམ་ཅན་གྱིས་ཚོགས་ཁང་དུ་ཕེབས་ནས་ཁྲི་ལ་བཞུགས་གསོལ་དང་།འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་དང་སྦྲགས་བཀའ་རམས་མ་ཡང་སྟོན་དྲང་སྲོང་མ་བརྩོན་འགྲུས་བཟང་མོ་དང་། བཀའ་རམས་མ་ཡང་སྟོན་དྲང་སྲོང་མ་རྣམ་དག་བདེ་ཆེན་ལྷ་མོ་རྣམ་གཉིས་ཞལ་ངོ་ནས་ཆབ་ཕུལ་མཚམས་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་བསླབ་པ་རྒན་རིམ་ལྟར་སྔ་ཕྱི་བསྟར་སྒྲིག་གིས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་མཚམས།
སྔར་སྲོལ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་གསལ་དག་སྙན་གསུམ་གྱིས་དབྱངས་སུ་གྱེར་རྗེས། ཉིན་དང་པོའི་བཀའ་རམས་མ་གཉིས་ནས་རིམ་བཞིན་རྩེ་ཞྭ་དབུ་ལ་གསོལ་ནས་སྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་གྲུབ་པ་དང་། འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་། ཆུ་ཚོད་ ༡༢།༣༠ སྟེང་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་བཞེས་ལག་རྒྱས་འབུལ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།ཕྱི་དྲོའི་ཆུ་ཚོད་ ༣།༠༠ སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་གསོལ་ཇ་གྲུབ་རྗེས་ཉིན་དང་པོའི་བཀའ་རམས་མ་རྣམ་གཉིས་ནས་བཀྲ་ཤིས་མངའ་དབུལ་གྱི་ཚིག་བཀྲ་དང་བཀྲ་ཤིས་མཆོད་འབྲུ་སོགས་གཏོར་ནས་མཇུག་བཀྲ་ཤིས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ་ཡོད་པ་རེད། ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་གཉིས་པའི་ཉིན་དང་པོའི་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།