དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་། (སྨན་རིའི་གླིང་།)
སྣང་བ་ཁྲ་ཁྲའི་ཕྱོགས་ལ་ཧྲིག་ཧྲིག་གིས་བལྟས་པས། །
སེམས་པ་འཐིབ་འཐིབ་དེ་ཉིད་གྲུང་གྲུང་དུ་གྱུར་ཅིང་། །
ལུས་པོ་ལྷོད་ལྷོད་མི་གནས་རྒྱུག་རྒྱུག་ངང་ཟད་ཀྱང་། །
གྲུབ་འབྲས་བསམ་བསམ་ཇི་བཞིན་རྡོག་རྡོག་ཅང་མ་རྙེད། །
ཤེས་པ་ཚུབ་ཚུབ་འདི་ལ་ཡང་ཡང་གིས་བལྟས་པས། །
སྣང་བ་ལིང་ལིང་དེ་ཡང་ངམ་ངམ་གྱིས་བརླགས་ཤིང་། །
ལུས་སེམས་བདེ་བདེ་འདྲ་ཞིག་ཚུར་ཚུར་རང་ཚོར་དུས། །
གདམས་པ་ཟབ་ཟབ་འགའ་ཞིག་ལྷང་ལྷང་དུ་དྲན་ཡོང་། །
ཁྱིམ་སྤང་ཡིན་ཡིན་བསམ་པ་ཏག་ཏག་ཅིག་ཡོད་ཀྱང་། །
འདུ་འཛིས་དལ་དལ་མེད་པར་ཡང་ཡང་ནི་མཐོང་དུས། །
དུག་པོ་དམར་དམར་འདི་ཡང་མཚར་མཚར་ནི་གོན་ནམ། །
དྲིས་ལན་ཁྲིག་ཁྲིག་དགོས་པ་ཕྱོགས་ཕྱོགས་ཤིག་ཤེས་སོང་། །
སྡོམ་དམ་གཙིགས་གཙིགས་བྱེད་ཀྱང་རང་རང་གི་རྒྱུད་ལ། །
ཉོན་མོངས་མར་མར་མ་ཆུང་ཡར་ཡར་རང་འཕེལ་ན། །
གཞན་ངོར་གཟབ་གཟབ་དེ་གས་གུས་གུས་ལ་རེ་ཡང་། །
ཁྱིམ་པ་ནག་ནག་དེ་ལས་ཆེ་ཆེ་རང་མ་འཕགས། །
ལང་ཚོ་ཕར་ཕར་རྒས་པ་བསམ་བསམ་རང་མ་བྱུང་། །
སྐྲ་དཀར་ཚུར་ཚུར་མང་བ་ཡང་ཡང་ནི་མཐོང་དུས། །
ཚེ་མཇུག་ཏག་ཏག་སླེབས་པ་ཁྲིག་ཁྲིག་རང་མེད་ཀྱང་། །
ཚེ་ལྷག་རིང་རིང་མིན་པ་གསལ་གསལ་ནི་ཚོར་གི། །
མྱོང་བ་དམར་དམར་རྗེན་རྗེན་གསོག་གསོག་ཁ་ཡིན་ཡང་། །
སེམས་པ་ངལ་ངལ་དུབ་དུབ་ཕྱོགས་ཕྱོགས་ཙམ་མེད་པར། །
འཇིག་རྟེན་ཡོད་ཡོད་མེད་མེད་སོ་སོ་ཡིས་བདག་མདོག །
ཚེ་ཕྱེད་རྒྱུག་རྒྱུག་འདུར་འདུར་ཏག་ཏག་གིས་རྫོགས་སོང་། །
ད་ནི་དཀར་དཀར་ནག་ནག་དབྱེ་མཚམས་ལ་སླེབས་པ། །
སེམས་ལ་གསལ་གསལ་ཐིང་ཐིང་ཆགས་ཚོད་རང་ཡིན་པས། །
སྔར་བཞིན་བྲེལ་བྲེལ་ཚུབ་ཚུབ་རིམ་པ་བཞིན་བཤོལ་ནས། །
ཚེ་མཐའ་བདེ་བདེ་སྐྱིད་སྐྱིད་བསྐྱལ་ཐབས་ལ་འབད་རན། །
དགེ་ཚོགས་དྲན་དྲན་མོད་ལ་ཁོམ་ཁོམ་རང་མ་བྱུང་། །
སྡིག་པ་ཞེད་ཞེད་ངང་དུ་ཞོར་ཞོར་ནས་བསགས་བཞག །
མི་ཆོས་སླ་སླ་ཡིན་ཡང་གྲུང་གྲུང་ཞིག་དགོས་ན། །
ལྷ་ཆོས་དཀའ་དཀའ་ཡིན་པས་གཟབ་གཟབ་རང་ལོས་དགོས། །
བྱམས་བྱམས་གཅེས་གཅེས་བྱས་ཀྱང་བཀའ་དྲིན་ནི་མ་ཚོར། །
ཕན་ཕན་ཡག་ཡག་འདིས་ཀྱང་ངོ་སོ་རང་དཀའ་བས། །
དོགས་དོགས་དུང་དུང་གང་གིས་བཅོས་སླད་རང་མེད་པའི། །
གསལ་གསལ་འཚེར་འཚེར་བྱེད་པའི་རང་ངོ་དེ་སྐྱོང་དགའ། །
འདིར་སྣང་མཛེས་མཛེས་འདི་ལ་བལྟས་བལྟས་ཀྱིས་མི་ཚིམ། །
སྣང་བ་ཁྲ་ཁྲས་སེམས་པ་འཁྲུལ་འཁྲུལ་ཞིག་མ་གཏོགས། །
བདེ་སྐྱིད་ཐུང་ཐུང་ཙམ་ཡང་དཀའ་དཀའ་རང་ཡིན་པས། །
རེ་བ་ཆེ་ཆེ་བྱས་ཚད་བསླུས་བསླུས་རྐྱང་ཡིན་འདུག །
གསོལ་བ་བཏབ་བཏབ་སྡད་ན་འགྲིག་འགྲིག་འདྲ་སྣང་ཡང་། །
སེམས་པ་ནག་ནག་འགྱུར་མེད་འདྲ་འདྲ་རང་ཡིན་ན། །
ཕྱི་ཚུལ་མཛེས་མཛེས་བྱས་ཀྱང་མདོག་མདོག་ཙམ་མ་གཏོགས། །
དགོས་པ་ཆུང་ཆུང་ཡིན་ཚུལ་ཏག་ཏག་རང་ཤེས་དགོས། །
རྒྱུ་འབྱོར་ཕྱུག་ཕྱུག་ཅན་ལ་བདེ་བདེ་རང་ཨེ་འདུག །
མིག་གིས་ཧྲིག་ཧྲིག་ལྟ་དུས་གསལ་གསལ་ནི་མཐོང་ཡང་། །
སྒོར་མོ་འདོད་འདོད་ཡོད་ན་སྐྱིད་སྐྱིད་འདྲ་ཚོར་བའི། །
གླན་རྟགས་ཆུང་ཆུང་མིན་པ་རང་རང་གིས་མི་ཚོར། །
མ་བརྟག་ཡོད་ཡོད་འདྲ་བའི་ཚུབ་ཚུབ་ཀྱི་སེམས་པ། །
བརྟག་ན་རྡོག་རྡོག་མ་རྙེད་ངལ་ངལ་གྱི་སྐབས་ཀྱང་། །
ཕས་སྣང་ལམ་ལམ་མཇལ་བའི་རིག་རིག་པོ་འདི་ནི། །
གནས་ལུགས་ཟབ་ཟབ་ཡིན་པ་བསམ་བསམ་རང་མ་བྱུང་། །
སྣང་བ་ཕར་ཕར་དེད་པས་ཡང་ཡང་དུ་འཁྲུལ་ཞིང་། །
སེམས་ངོ་ཚུར་ཚུར་གཟིགས་པས་ལྷོད་ལྷོད་དུ་འགྱུར་བས། །
རང་སེམས་དམར་དམར་འདི་ལ་ཅེར་ཅེར་ངང་བཞུགས་ན། །
ཉམས་རྟོགས་ལྷག་ལྷག་འཆར་བ་རིང་རིང་ཞིག་མིན་འདྲ། །
ཉམས་ལེན་ཉམས་ལེན་ཞེས་པ་གཡེར་པོ་དེ་ཆེ་ཡང་། །
རྟོག་པས་རྟོག་པ་འདེད་པའི་ངལ་བ་འདི་སྐྱུར་ནས། །
སེམས་ཀྱིས་སེམས་ལ་བལྟས་ཏེ་རིག་པ་ཡི་རང་ངོ་། །
ཡང་ནས་ཡང་དུ་བསྐྱང་ན་དེ་ལྷག་གཞན་མེད་འདྲ། །
ཉམས་རྟོགས་ལྷུག་ལྷུག་ཤར་སྐད་འུར་འུར་ནི་མིན་ལ། །
ཕར་ལ་ཟབ་ཟབ་བཤད་པའི་མདོག་མདོག་ཀྱང་མ་ཡིན།
རང་རྒྱུད་རྩུབ་རྩུབ་མཐོང་ནས་གཟབ་གཟབ་དེ་རན་པའི། །
དྲན་པ་དམར་དམར་རང་ལ་ཡང་ཡང་གིས་བསྐུལ་ལོ། །
(མི་སྒེར་གྱི་རྩོམ་ཡིག) རྩོམ་ཡིག་གི་བརྗོད་དོན་གང་ཞིག་རྩོམ་པ་པོའི་འདོད་ཕྱོགས་ཡིན་པ་ལས་དྲྭ་ཚིགས་ཁང་གི་ལྟ་གྲུབ་ཡིན་པའི་ངེས་པ་མེད།