༸གདན་ས་སྨན་རིའི་གླིང་དུ་བོད་ཟླ་ ༡༡ པའི་ཚེས་པ་ ༧ དང་ ༨ གཉིས་ལ་ལོ་རེའི་དུས་མཆོད་ཁག་གི་ནང་ཚན་བོན་གྱི་༸གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ཕྱག་འདེབས་པ་པོ་༸སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་འདས་མཆོད་འཚོགས་སྲོལ་ཡོད་པ་བཞིན། འདི་ལོའི་བོད་ཟླ་བཅུ་གཅིག་གི་ཚེས་བདུན་དང་བརྒྱད་དེ་ཉིན་གཉིས་ཀྱི་རིང་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་ཐིམ་ནས་ལོ་ ༡༥༩ འཁོར་བའི་འདས་མཆོད་འཚོགས་ཡོད་ལ། དེ་ཡང་བོད་ཚེས་ ༧ ཉིན་གྱི་ཞོགས་པར་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བླ་གྲྭ་དགེ་བཤེས་རྣམས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གསུང་འདོན་གནང་ཡོད་པ་དང་།
བོད་ཚེས་ ༨ ཉིན་གྱི་ཞོགས་པར་རྣམ་དག་འདུལ་བའི་གསོ་སྦྱོང་དང་། དེ་ནས་སྔ་དྲོར་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་སྐུ་འདྲ་གདུན་ཞུས་ཀྱིས་དགོན་པའི་གླིང་སྐོར་དུ་སེར་འཕྲེང་རྒྱས་པ་ཕེབས་ནས་ཕྱིར་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གཤེན་རབ་མཆོད་རྔ་གྲུབ་མཚམས། དད་ལྡན་མི་མང་རྣམས་ནས་ཕྱག་སྐོར་དང་། འདུས་མང་ནས་མཚན་ལྡན་བླ་མའི་མཆོད་ཐབས་སོགས་གསུངས། དེ་རྗེས་ཀློང་རྒྱས་ཀྱི་སྨད་ཆོག་དང་། སྔོན་འགྲོ་ལས་གཞི་ལ་སོགས་འཇུག་ཡོངས་སུ་གྲུབ་པར་གསུངས་གནང་ཡོད་པ་དང་།
གཞན་ཡང་སྨན་རིའི་དགེ་བཤེས་རྣམས་པས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་དང་། དགོང་མོར་སེར་སྐྱ་མི་མང་ཡོངས་ནས་སྣང་གསལ་སྒྲོན་མེའི་མཆོད་འབུལ་རྒྱ་ཆེར་གནང་ཡོད་པ་རེད།
དེ་ཡང་༸སྐྱབས་མགོན་ཟླ་བ་རྒྱལ་མཚན་ནི། བོན་གྱི་༸གདན་ས་གོང་འོག་བར་གསུམ་ཞེས་སུ་གྲགས་པའི་ནང་ཚན་༸གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དགོན་པ་དེ་ཉིད་ཕྱག་འདེབ་ ༡༨༣༤ པ་པོ་ཡིན་ལ་དེ་ནས་བཟུང་ད་བར་༸གདན་ས་འོག་མའི་མཁན་རབས་བཅུ་གཅིག་བར་བྱོན་ཡོད། དམ་པ་ཁོངས་ནི་མདོ་སྨད་ཟིང་ཆུ་ཁྲི་སྐྱང་གི་ཞིང་དུ། ཡབ་སྣང་ཞིག་ནོར་བུ་དང་། ཡུམ་ཁ་སླེབ་ཟ་སྐྱུ་རིག་གཉིས་ཀྱི་སྲས་སུ་མེ་ཕོ་འབྲུག་སྤྱི་ལོ་ ༡༧༩༦ ལོར་འཁྲུངས་ཤིང་། ༡༨༣༤ ལོར་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ཕྱག་བཏབ་ཅིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་སྤྱི་ལོ་ ༡༨༦༢ ལ་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་མཛད་དོ། གཡུང་དྲུང་བོན་དྲྭ་ཚིགས་གཙོ་སྒྲུབ་པས། རྣམ་ཐར་ཆ་ཚང་འདི་ནས་གཟིགས