བལ་ཡུལ་རྒྱལ་སར་རྟེན་གཞིར་བྱས་པའི་དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སྐུ་འཁོར་བཅས་ཕྱི་ལོ་ ༢༠༢༤ ཟླ་བ ༠༡ ཚེས་ ༡༥ ཉིན་རང་དགོན་ནས་ཕེབས་ཐོན་དང་།
ཟླ་འདིའི་ཚེས་ ༡༧ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བལ་ཡུལ་རྒྱལ་ས་ཀ་ཐཱ་མཎ་གྲུའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གྲུབ། དེར་སེ་སྟེང་ཤུག་ཚལ་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་དང་བལ་པོ་བ་ Dilli Pandey གཉིས་ནས་སྲིད་གཞུང་ལ་ཆོག་མཆན་ཞུས་པ་ལྟར་ཆེས་མཐོའི་མི་སྣ་ VIP ཕེབས་ལམ་བརྒྱུད་ནས་གདན་ཞུས་གནང། དེར་དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་བླ་མ་ཉི་མ་མཆོག་དང་། བླ་མ་ཤཀྱ་མཆོག དོལ་པོ་སྐྱིད་སྡུག་ཚོགས་པའི་ཚོགས་གཞོན་དགེ་བཤེས་ཡང་སྟོན། མཁན་པོ་པད་མ་རྡོ་རྗེ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས། སྤྱི་གཉེར་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། བྱི་གཅེར་སྣེ་གསར་དགོན་པའི་བླ་མ་བསྟན་འཛིན་རྒྱལ་མཚན། མདོ་རྟ་རབ་རི་འབུམ་པའི་བླ་མ་རྣམ་རྒྱལ། པོལ་སྡེ་བླ་མ་ཀུན་དགའ། གློ་དམུ་བསུ་སྟང་རིག་གཞུང་དང་ཤེས་ཡོན་ཚོགས་པའི་དབུ་འཛིན་དགེ་བཤེས་བསོད་ནམས་རྒྱལ་མཚན། ཕུག་གསུམ་མདོའི་གྲོང་སྡེ་སྤྱི་ཁྱབ་ཟླ་བ་བསམ་གྲུབ། ཚོགས་གཞོན་པད་མ་དབང་ཆེན། ཚྭ་དགའ་སྟེང་ཤོང་གྲོང་སྡེ་སྤྱི་ཁྱབ་ཤེལ་སྣང་སོགས་བླ་མ་དང་མཁན་པོ་དགེ་བཤེས་སློབ་དཔོན་སོགས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་གསང་སྔགས་རིག་པ་འཛིན་པའི་སྡེ། གཞན་ཡང་དོལ་ཕྱོགས་གྲུ་བཞིའི་གྲོང་སྡེ་ལྷན་ཁང་གི་ལས་བྱེད་སོགས་སྐྱ་སེར་བརྒྱ་ཕྲག་མང་པོ་ནས་དགའ་བསུའི་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་གསོལ་མགྲོན་ཁང་དུ་ཕེབས་གྲུབ་མཛད། །
ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་གསར་བཞེངས་གྲུབ་པའི་དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཚོགས་པའི་ཚོགས་ཁང་དུ་ཕེབས་སྐབས་རྔ་གཤང་དུང་གླིང་སྤོས་སྣེ་ཡིས་གདན་འདྲེན་གྱིས་རྒྱལ་སྒོའི་གཡས་གཡོན་དུ་དད་ལྡན་མི་མང་ནས་མཇལ་དར་སོགས་ཀྱིས་གུས་འདུད་ཞུས་པར་མ་ཟད། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་ཀོ་མང་མཆོག་སྤྲུལ་མཆོག་དབུས་པའི་རིས་མེད་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་གཙུག་ལག་ཁང་གི་སྒོ་ཁྱམས་སུ་བཞེངས་ཏེ་གཤེན་རབ་མཆོད་ལྔའི་མཆོད་པ་ཕུལ།
དེ་ནས་༸སྐྱབས་རྗེ་མཆོག་ནས་རྟེན་གཙོ་རྣམས་ལ་མཇལ་དར་ཕུལ་རྗེས་གཅན་ལྔས་བཏེགས་པའི་རིན་ཆེན་ཁྲི་ལ་བཞུགས་གསོལ་མཛད། གཞན་ཡང་༸ཀོ་མང་མཆོག་སྤྲུལ་མཆོག་དང་སེ་སྟེང་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ། བླ་མ་ཉི་ཤག་རྣམ་གཉིས། སྨན་རིའི་དགེ་བཤེས་ཉི་མ་འོད་ཟེར། བྱི་གཅེར་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་སོགས་བོན་ཆོས་དབྱེར་མེད་ཀྱི་བླ་མ་དགེ་བཙུན་དང་སྔགས་འཆང་འདུས་མང་རྣམས་ཀྱིས་༸རྗེ་སྨན་རི་བ་མཉམ་མེད་བླ་མ་ཤེས་རབ་རྒྱལ་མཚན་གྱི་གསང་སྒྲུབ་ཀྱི་སྒོ་ནས་ཚོགས་མཆོད་རྒྱས་འབུལ་དང་༸མཆོད་གཏོར་རྩིས་འགོ་བདུན་པའི་གཞུང་བསྲང་ནས་རྟེན་དང་བརྟེན་པ་བཅས་ལ་མངའ་དབུལ་རབ་གནས་རྒྱས་པར་མཛད། ༸སྐྱབས་རྗེ་མཆོག་ནས་དེར་ཕེབས་བླ་མ་དགེ་བཙུན་སྔགས་གསུམ་བཅས་ལ་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་བཅས་ཕུལ། ཕྱི་དྲོ་ཆུ་ཚོད་ ༠༢ པའི་སྟེང་གོང་ལྟར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་བཅས་ཀྱི་སྒོ་ནས་ཚོགས་མཆོད་རྒྱས་འབུལ་གནང་།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་དང་ཧི་མ་ལ་ཡའི་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་གུང་ཡོལ་ཆུ་ཚོད་ ༠༡ ཐོག་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚོགས་མཆོད་དང་མངའ་དབུལ་རབ་གནས་སོགས་གྲུབ་མཚམས། དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པའི་ངོས་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧ཀོ་མང་མཆོག་སྤྲུལ་རྣམ་གཉིས་ལ་མཎྚལ་བརྟན་བཞུགས་འདེགས་འབུལ་དང་དད་ལྡན་མང་ཚོགས་ལ་ཚེ་དབང་ཚེ་རྫས་ཀྱི་བྱིན་རླབས་བསྩལ་གནང་མཛད།
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་། གུང་ཡོལ་ཆུ་ཚོད་ ༠༡ ཙམ་ལ་དོལ་པོ་སྐྱིད་སྡུག་ཚོགས་པའི་ཚོགས་གཞོན་དགེ་བཤེས་ཡང་སྟོན་མཆོག་དང་དད་ལྡན་མང་ཚོགས་ནས་ཕེབས་བསུ་དང་། ཀོ་མང་མཆོག་སྤྲུལ་མཆོག བལ་ཡུལ་དབུས་གཞུང་གི་རིག་གཞུང་དང་མཁའ་ལམ་འགྲུལ་བཞུད་ཀྱི་བློན་ཆེན་ Sudan Kirati མཆོག་དང་༧དཔལ་ཡུལ་མཆོག་སྤྲུལ། ལུམ་བྷུ་ནི་ཡར་རྒྱས་ཐེབ་རྩ་ཚོགས་པའི་དབུ་འཛིན་ལྷ་རྒྱལ་བླ་མའམ་མཁན་པོ་འཆི་མེད་ཚེ་རིང་། བལ་ཡུལ་གཞུང་གི་དཔོན་རིགས་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཛིན་བཅས་ནས་སྤྱི་ལུགས་ལྟར་གསར་བཞེངས་གྲུབ་པའི་བལ་ཡུལ་གངས་ལྗོངས་དོལ་པོའི་ཆོས་རིགས་ལྟེ་གནས་གླིང་གི་ཚོགས་ཁང་སྒོ་འབྱེད་གྲུབ་མཚམས། གངས་ལྗོངས་དོལ་པོའི་གྲོང་སྡེ་སོ་སོ་ནས་རང་རང་གི་ཆས་གོས་དང་བརྒྱན་ཆ་དང་བཅས་ཏེ། མི་རིགས་སོ་སོའི་རིག་གཞུང་དང་འབྲེལ་བའི་གླུ་གར་བྲོ་གསུམ་གྱི་སྒོ་ནས་དགའ་སྟོན་རྟེན་འབྲེལ་སྣ་ཚོགས་ཀྱིས་མཛེས་པར་བྱས།
ཕྱི་ཚེས་ ༢༡ ཉིན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྤྱི་གཉེར་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་ཕེབས་བསུ་དང་བཅས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཕེབས་གནང་མཛད་དེ་དེར་བཞུགས་གནང་།
ཕྱི་ཚེས་ ༢༢ ཉིན། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་༧སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་རིན་པོ་ཆེ་འདེགས་འབུལ་གྱིས་མཇལ་བཅར་དང། དེ་བཞིན་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད། སྨན་རིའི་དགེ་བཤེས་བསམ་འགྲུབ་ཉི་མ། སྤྱི་ཟུར་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་ལ་མཇལ་ཁ་གནང་། དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་ཤིང་བསྟན་དོན་ལ་སྨན་པའི་བཀའ་སློབ་ལམ་སྟོན་སོགས་བཀའ་མོལ་ལྷུག་པོར་ཞུས་མཛད་གནང་། དེ་རྗེས་དོལ་པོ་བསམ་གླིང་དགོན་གྱི་དབུ་བླ་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་མཆོག་གིས་གདན་ཞུས་ལྟར་ཁོང་གི་བླ་བྲང་གསར་པར་རབ་གནས་མཛད། སྔོན་བྱོན་རྒྱལ་འཕགས་གོང་མ་རྣམས་ཀྱིས་བྱིན་གྱི་བརླབས་པའི་གནས་ཆེན་༧འཕགས་པ་ཤིང་ཀུན་དབུ་རྩེར་གནས་གཟིགས་དང་སྣང་གསལ་གྱི་མཆོད་འབུལ་གནང་།
ཕྱི་ཚེས་ ༢༣ ཉིན་ཞོགས་པར་ཚྭ་དགའ་བླ་མ་ཚོགས་པ་ནས་རྟེན་འབྲེལ་མཆོད་སྤྲིན་འབུལ་བ་དང་དད་ལྡན་མང་ཚོགས་ལ་འཁོར་ཡུག་དང་། འཕྲོད་བསྟེན། རིག་གཞུང་སོགས་གཅེས་ཉར་དགོས་པའི་བླང་དོར་གྱི་བཀའ་སློབ་ལམ་སྟོན་སོགས་མཛད། སེ་སྟེང་ཤུག་ཚལ་དགོན་གྱི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་གཞུང་ལས་ཁང་གསར་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་དང་དབུ་ལས་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་དང་། ༸སྐྱབས་རྗེ་མཆོག་ནས་ཚོགས་པ་ཆེ་ཆུང་དང་། སློབ་གྲྭ་ཁག་བཅས་ལ་རྒྱ་མཚོ་ཆུ་ཐིག་གི་འབྲེལ་བ་རྒྱ་གང་ཆེར་བསྩལ་གནང་མཛད།
ཕྱི་ཚེས་ ༢༤ ཉིན་དོལ་པོ་སྐྱིད་སྡུག་མཉམ་སྦྲེལ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་བླ་མ་ཉི་མ་མཆོག་དང། ཚོགས་གཞོན་དགེ་བཤེས་ཡང་སྟོན། སེ་སྟེང་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ། བླ་མ་ཤཀྱ་མཆོག སྲས་གནམ་མཁའ་རྡོ་རྗེ། བླ་མ་བསྟན་འཛིན་རྒྱལ་མཚན། དོལ་པོ་སྒོམ་ཆེན་པ། དེ་བཞིན་དོལ་ཕྱོགས་ཀྱི་གྲོང་སྡེ་ལྷན་ཁང་གི་ལས་བྱེད་སོགས་ཀྱིས་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐྱེལ་ཟབ་རྒྱས་ཞུས་ཏེ་སྦྱོར་དངོས་རྗེས་གསུམ་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་མཛད་སྒོ་རྒྱལ་ཁའི་ངང་དུ་གྲོལ་བའོ།
ཕྱི་ཚེས་ ༢༦ ཉིན་གདན་ས་སྨན་རིའི་གླིང་དུ་སྐུ་འཁོར་བཅས་ཞབས་སོར་བདེ་བར་འཁོད་གནང་བཅས་ཀྱི་གནས་བསྡུས་སུ་ཕུལ།
མཆན། དྲྭ་ཚིགས་ཁང་གི་ལམ་སྲོལ་ལྟར་གྱི་ཐ་སྙད་རེ་འགའ་དྲྭ་བདག་གིས་བསྒྱུར་བཅོས་བྱས་ཡོད།