བོད་ཆུ་ཡོས་ལོའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ།

དེ་ཡང་ས་གསུམ་ན་འགྲན་པའི་ཟླ་མ་མཆིས་པ་༧རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་གྲགས་པའི་སྙན་པ་དཀར་པོ་སྲིད་པ་གསུམ་ལ་འབར་བའི་མགོན་པོ་གང་གི་རིང་ལུགས་འཁྲུལ་བ་མེད་པ་གཞིར་བཟུང་ལོ་ལྟར་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གང་སར་ཁྲོ་ཕུར་གཉིས་ཀྱི་དགུ་གཏོར་ཆེན་མོ་འཚོག་སྲོལ་ཡོད་པ་ལྟར།

འདི་ལོ་ཡང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཆུ་ཡོས་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ ༢༦ ནས་ ༢༨ བར་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་གྱི་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོར་ཡི་དམ་ཁྲོ་བོ་ངོ་མཚར་རྒྱས་པ་དང་།

དབལ་ཕུར་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔ་གཉིས་ཀྱི་གཞུང་བསྲངས་ཏེ་<ཁྲོ་ཕུར་གཉིས་ཀྱི་གདངས་དབྱངས་འབྲུག་མོ་ལྡིར་བའི་>སྒྲ་དབྱངས་ལ་དྲངས་ཏེ་སྔོན་དངོས་རྗེས་གསུམ་གྱི་བྱ་བཞག་ཁག་དང་།

ཕྱི་ནང་གསང་གསུམ་གྱི་མཚམས་བཅད་སྐབས་ཀྱི་སྟག་འགྲོས་སེང་སྟབས། གཡུང་དྲུང་ལུ་གུ་རྒྱུད་ཀྱི་འགྱིང་འགྲོས། ཉིན་སོ་སོར་ཕུར་སྒྲིལ་སོགས་འཆམ་གནང་བ་དང།

སྨན་རིའི་སྒྲུབ་ཁང་དུ་སྒྲུབ་གཤེན་པ་བཅུ་གྲངས་ལྷག་གིས་ཡི་དམ་ཕུར་པའི་སྲུང་ཟློག་དང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཡི་དམ་གསས་མཁར་མཆོག་ལྔའི་ཚོགས་མཆོད་དང་སྲིད་པ་རྒྱལ་མོའི་ཚོགས་མཆོད་སོགས་གྲུབ་པར་མཛད་ཡོད་པ་རེད།

བོད་ཚེས་ ༢༨ ཉིན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གནས་པའི་སྐྱེ་འགྲོ་ཡོངས་ལ་འཚེ་བར་བྱེད་པ། ཕྱི་ལས་ལ་གྱུར་པའི་དགྲ། ནང་རྣམ་རྟོག་ལས་གྱུར་པའི་བགེགས། གསང་བ་མ་རིག་པ་ལས་གྱུར་པའི་བདུད་ཚོགས་རྣམས་བསྒྲལ་ནས་བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དབྱིངས་སུ་བསྟིམ་པའི་བརྡ་མཚོན་དབལ་ཕུར་བསྒྲལ་བསྟབ་ཀྱི་གར་འཆམ་དང། གཤེན་རབ་དགུ་འཆམ་སོགས་འཁྲབ་གནང་མཛད་པ་མ་ཟད།

 ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་བྱད་ཐག་བཅད་པ་དང་། ཟློག་ཁྲུས་གནང་ཞིང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་ཟློག་དབང་བཅས་གནང་གྲུབ་རྗེས།

གཤེན་རབ་དགུ་འཆམ་པ་རྣམས་ཀྱིས་སྣེ་དྲངས་ཏེ་བླ་གྲྭ་འདུས་མང་ནས་མེ་རིའི་གར་འཆམ་དང་བཅས་སེར་འཕྲེང་གཡུང་དྲུང་དགའ་འཁྱིལ་དང་བཅས་གཏོར་རྒྱག་ཏུ་ཕེབས་གནང་ཡོད་པ་རེད། དེ་རྗེས་འཆམ་ར་ཆེན་མོར་འཆམ་པོ་བ་རྣམས་ཀྱིས་གཤེན་བྲོ་བརྡུང་ཞིང་འདུས་མང་ནས་ཁྲོ་ཕུར་གཉིས་ཀྱི་བྲོ་བརྡུང་གྱེར་གྲུབ་མཚམས་ཀི་བསྭོ་ལྷ་རྒྱལ་གྱི་ཕྱེ་མར་མཆོད་གནང་སོང་།

 བོད་ཚེས་སུམ་ཅུའི་ཐོ་རེངས་བླ་གྲྭ་འདུས་མང་ཡོངས་ནས་རྣམ་དག་འདུལ་བའི་གསོ་སྦྱོང་ཚོགས་གནང་རྒྱུ་དང་། དེ་རྗེས་རྣམ་འདྲེན་རྒྱལ་བ་གཉིས་པའི་བླ་སྒྲུབ་ཀྱི་ཚོགས་འཁོར་བསྐོར་གནང་མཛད་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ་དྲྭ་ཚིགས་ཁང་ནས། ཐ་ཚན་མུ་ཙུག་སྨར་རོ།

དེ་ཡང་བོད་ཆུ་ཡོས་ལོའི་བོད་ཟླ་ ༡༢ ཚེས་ ༡༩ ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་ཐུགས་བཀོད་ལྟར་ཆུ་ཚོད་༩ ནས་ ༡༡:༣༠ བར་འདུས་མང་ཡོངས་འཆམ་རར་ཕེབས་ནས་འཆམ་རྒྱུགས་བླངས་ཡོད་པ་དང་། གོང་ཚེས་༢༤ཉིན་རྒྱབ་ཡི་དམ་ཁྲོ་ཕུར་གཉིས་ཀྱི་གདངས་ཡིག་འབྲུག་མོ་ལྡིར་བ་དང་བཀའ་སྐྱོང་གདངས་ཡིག་བཅས་གྱེར་མང་རྒྱུགས་སྤྲོད་བྱས་པ་ཡོད་པ་རེད།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow