བཀའ་རམས་པ་ཁོད་སྤུངས་དྲང་སྲོང་བློ་གྲོས་བསྟན་པ་དར་རྒྱས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་
༡ <<སྤྱི་སྤུངས་ཀྱི་བོན་སྐོར་ལས་འཕྲོ་འདུ་དང་ཞི་ཁྲོའི་ལྷ་ཡི་ངོས་འཛིན་བཅས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།>>
༢ <<བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ་བློ་གསར་འཇུག་སྒོ།>>
༣ <<གཡས་རུའི་འཆད་རྩོད་ཀྱི་འཆར་སྣང་།>>
༤ <<དགོན་སྡེའི་ལྕགས་རི་>>ཞེས་པ་བཅས་སྙན་རྩོམ་དང་དཔྱད་རྩོམ་གྱི་དེབ་བཞི་དང་།
༥ <<ཞང་བོད་ཡིག་གཟུགས་འབྲི་སྟངས་>>ཞེས་པའི་ཡིག་གཟུགས་དེབ་གཅིག་བཅས་དཔེ་དེབ་ལྔ་དབུ་འབྱེད་གནང་སོང་།
སྣོད་བཅུད་ཟུང་འབྲེལ་ཕུན་སུམ་ཚོགས།།
འཆད་ཉན་རྣམ་དག་གཞི་རྐང་འཛིན།།
བློ་གྲོས་མཆོག་ལྡན་བསྟན་འཛིན་གྱི།།
མཛད་འཕྲིན་དར་ཞིང་རྒྱས་པར་སྨོན།།
ཞེས་ཚིག་བཞི་ཚིགས་སུ་བཅད་པའི་མཆོད་བརྗོད་སྙན་པའི་དབྱངས་ཀྱིས་མདུན་ནས་བསུས་ཏེ། སྐབས་དོན་འདིར་གླེང་བར་བྱ་བ་ནི། བླ་སློབ་སྣོད་བཅུད་ཟུང་དུ་འབྲེལ་ན་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད། འཆད་ཉན་རྣམ་པར་དག་པའི་གཞི་རྐང་ཚུགས་ན། སངས་རྒྱས་བསྟན་པའི་རྩ་བ་ཚུགས་པ་ཡིན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འཛོམས་ན། བསྟན་འགྲོའི་དོན་ཆེན་སྒྲུབ་ནུས། སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་འཛུགས་པ་ལ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས། བཤད་རྒྱུད་བསྟན་པའི་སྒྲོན་མེ་འདེགས་པ་ལ། མཁས་པའི་བྱ་བ་རྣམ་གསུམ་དགོས། བསྟན་འཛིན་གྱི་སྐྱེས་བུ་ཟེར་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བཞེས་མཁན་ལ་ཟེར། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྲིང་ནུས་ན་དུས་ནམ་ཞིག་རང་གི་བསམ་པའི་དོན་ཆེན་འགྲུབ་ངེས། ད་ལན་འདིར་ངོས་ནས་ཁྱེད་ལ་དགའ་ཚོར་ཆེན་པོའི་ངང་ནས་ཞུ་འདོད་པ་ནི། ཁྱེད་ཀྱིས་བགྲང་བྱ་ཧྲིལ་པོ་བཅུ་བདུན་ཙམ་གྱི་རིང་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་དེ། གདན་ས་ཆེན་པོ་འདིར་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཆེན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེར་གནང་བ་དང་། གཞན་ཡང་ཐུན་མོང་རིག་གནས་དང་བཅས་པ་ལ་སྦྱངས་བརྩོན་ལྷོད་མེད་མཛད་པ་མཐར་གྲུབ་ནས། ད་ལྟ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས་ལ་ཉེ་བའི་སྐབས་མཚམས་སུ་བསླེབས་པ་དེ་ནི། ཧ་ཅང་གི་བསོད་ནམས་ཆེའོ། ཨེ་མ་ངོ་མཚར་ཆེའོ། ཁྱད་པར་དུ་ཁྱེད་ཀྱིས་སློབ་གཉེར་གྱི་བར་གསེང་རྣམས་སུ་ཡང་དུས་ཚོད་ཆུད་མ་གསན་པར་གསེར་དང་འདྲ་བའི་དུས་ཚོད་ལ་དམ་འཛིན་གྱི་སྒོ་ནས་གཅེས་པར་བཟུང་སྟེ་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་ནས་བསྟན་པའི་སྒྲོན་མེ་འདེགས་པར་བྱེད་པའི་རྩོམ་པ་བོན་གྱི་འཁོར་ལོའི་སྐོར་ལ། སྤྱི་སྤུངས་བསྙེན་སྒྲུབ་ལས་འཕྲོ་འདུ་གསང་བའི་སྒྲུབ་པའི་སྐོར་བྱེ་བྲག་གླེང་བ་དང་། བྲུ་ལུགས་ལྟར་སྤྱི་སྤུངས་ཐུགས་གཙོ་མཆོག་གི་ཞི་ཁྲོ་གཉིས་ཀྱི་ལྷ་ཚོགས་ངོས་འཛིན་དང་། ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མའི་ས་གཅོད་རྣམ་བཤད་མེ་ལོང་བཅས་སྡེ་ཚན་གསུམ་གྱི་གྲངས་ལྡན་དུ་བཀོད་ནས་རྩོམ་སྒྲིག་བྱས་འདུག་པ་འདི་རྣམས། རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྨད་དུ་བྱུང་བ་དང་། མཉམ་མེད་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་དུ་གྱུར་ཅིང་། གཞུང་ཆེན་དོན་གཉེར་གྱི་ཚོགས་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ལྷག་བསམ་རྣམ་པར་དག་པའི་ཤིས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས།
སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་རང་ཤག་སྣང་བ་དགའ་འཁྱིལ་ནས།
༢༠༢༣-༡༢-༣༡
ཆེད་བརྗོད།
སྤྱིར་བོད་ཀྱི་གཞུང་ལུགས་རིག་གནས་ཁག་ལ་གོམ་འགྲིས་གཏིང་ཟབ་ཡོང་ཆེད་སློབ་གཉེར་གྱི་གོམ་པ་དང་པོ་ནི་བོད་ཀྱི་བརྡ་སྤྲོད་ལ་སློབ་སྦྱོང་བྱ་རྒྱུ་དེ་ཡིན་པ་དང་། ཆོས་ལུགས་རིས་སུ་མ་ཕྱེས་པའི་དགོན་པ་དང་སློབ་གྲྭ་ཁག་ཏུ་བོད་ཀྱི་རིག་གཞུང་གི་ངོ་སྤྲོད་བྱ་རྒྱུའི་ཐབས་ལམ་གྱི་སྒོ་འབྱེད་པའི་ལྡེ་མིག་དེའང་བོད་ཀྱི་བརྡ་སྤྲོད་ཡིན་ཕྱིར་དེ་ལ་སློབ་གཉེར་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་དགོན་པ་དང་སློབ་གྲྭ་ཁག་ལ་བསླབ་གཞི་བརྡ་སྤྲོད་ཀྱི་གཞུང་འགྲེལ་འདྲ་མི་འདྲ་སོ་སོར་ཡོད་པ་བཞིན། གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་སློབ་གཉེར་གྱི་སློབ་ཚན་ནང་དུའང་དམིགས་བསལ་གྱི་ཁྱད་ཆོས་འཛོམས་པའི་བརྡ་སྤྲོད་ཞིག་ཡོད་པ་ནི་བོད་ཀྱི་རིག་གནས་སྤྱི་ལ་མཁས་པ་ག་རྒྱ་ཁྱུང་སྤྲུལ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེས་མཛད་པའི་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་གཞུང་འགྲེལ་འདི་གཉིས་ཡིན། གདན་ས་སྨན་རིའི་དགོན་པའི་བཤད་གྲྭར་ཞུགས་ཕྱིན་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་གཞུང་འགྲེལ་འདི་ལ་སློབ་གཉེར་མ་གནང་བ་དང་རྩ་ཚིག་བློ་འཛིན་མ་བྱས་པ་ཡོང་མི་སྲིད། དེས་ན་ཕྲན་རང་ཡང་སྨན་རིའི་དགོན་པའི་བཤད་གྲྭར་སྒྲིག་ཞུགས་བྱས་པའི་ལོ་དང་པོ་དེར་བརྡ་སྤྲོད་འདི་ལ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བྱུང་། བརྡ་སྤྲོད་སྲིད་པའི་སྒྲོན་མེ་འདིའི་རྩོམ་པ་པོ་ནི་བོན་ལུགས་འཛིན་པའི་མཁས་སྒྲུབ་ཞིག་ཡིན་ནའང་བརྡ་སྤྲོད་འདི་ནི་བོན་པོ་ཙམ་མིན་པ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་ལ་དོན་གཉེར་གནང་མཁན་ཡོད་དོ་ཅོག་ལ་མཁོ་ཆེ་བའི་བརྡ་སྤྲོད་ཞིག་ཡིན། བརྡ་སྤྲོད་འདིའི་ནང་དོན་ནི་ཁ་གསལ་གོ་བདེ་ལ། བོད་ཀྱི་བརྡ་སྤྲོད་ཀྱི་མེས་པོ་ཐོན་མི་ཨ་ནུ་དང་། མཁས་མཆོག་སི་ཏུ་དང་། དངུལ་ཆུ་ཡབ་སྲས་དང་། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་བན་བོན་གཉིས་ཀའི་མཁས་དབང་རྣམ་པས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ཀྱི་འགྲེལ་བ་ཡོངས་ཀྱི་ཉིང་བཅུད་བསྡུས་པ་ལྟ་བུ་ཞིག་ཡོད་པས། བརྡ་སྤྲོད་འདི་ཁོ་ནར་སློབ་སྦྱོང་བྱེད་པས་བོད་ཀྱི་བརྡ་སྤྲོད་ཀྱི་དཀའ་གནད་ཕལ་ཆེ་བ་དཀྲོལ་ཐུབ་པ་གདོན་མི་ཟ་བའི་རིན་ཐང་ཅན་ཞིག་ཡོད།
ད་ལམ་ཁོད་སྤུངས་ཚང་བློ་གྲོས་བསྟན་དར་ལགས་ནས་ལོ་མང་རིང་གི་བརྡ་སྤྲོད་འདི་ལ་སྦྱངས་པའི་ཉེར་ལེན་དང་། ཁྱད་པར་དུ་ཕྱི་ལོ་༢༠༢༡ ནས་ད་བར་གཞན་སློབ་མ་རྣམས་ལ་དཔེ་ཁྲིད་བྱས་པའི་གྲུབ་འབྲས་ལྟ་བུར། ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་གཞུང་འགྲེལ་འདི་སླར་ཡང་གོ་བདེ་བར་བཀྲལ་ཏེ། སློབ་མ་གསར་བུ་རྣམས་ལ་ཕན་ཐོག་མི་དམན་པར་འབྱུང་ངེས་པའི་«བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ་བློ་གསར་འཇུག་སྒོ་»ཞེས་མཛད་གནང་འདུག་པས་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་གི་ལོ་མང་རིང་གི་ལེགས་བྱས་འདིས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་གོ་བ་ཇེ་གསལ་དུ་གཏང་བ་མ་ཚད། བོད་རིགས་གཞོན་སྐྱེས་ཚོའི་རིག་གནས་ཀྱི་ཆུ་ཚད་གོང་འཕེལ་དུ་གཏང་རྒྱུའི་རྒྱུ་ཆ་གསེར་གྱི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བས་རྩོམ་པ་པོ་ཉིད་ལའང་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། བརྡ་འགྲེལ་བློ་གསར་འཇུག་སྒོ་འདིས་ཁོ་བོའི་དམིགས་དོན་བཞིན་གསར་ཞུགས་རྣམས་ལ་ཕན་ཐོག་རྒྱ་ཆེར་ཡོངས་བའི་སྨོན་འདུན་དང་བཅས་གུས་པ་སྐལ་བཟང་ནོར་བུ་ནས་ཕྱི་ལོ་༢༠༢༤་ཟླ་༡ཚེས་༨ཉིན་འཇར་མན་གྱི་རྒྱལ་ས་རྙིང་པ་སྦོན་གྲོང་ཁྱེར་ནས་བྲིས།
གླེང་བསླང་བའི་གཏམ།
འཆད་པའི་ངག་སྒོ་བདུད་རྩིའི་བཅུད་ཀྱིས་གཏམས།
རྩོད་པའི་རིགས་པ་གནམ་ལྕགས་མཚོན་དུ་བརྡར།
རྩོམ་པའི་འགྱུར་ཁུགས་རྒྱུད་དྲུག་སྐུད་པར་བསྒྲིལ།།
འཆད་རྩོད་རྩོམ་གསུམ་བློ་གྲོས་རྣམ་པར་མཛེས།།
ཚིགས་བཅད་ཐུང་ངུ་ཞིག་སྔོན་དུ་བཏང་ནས་གླེང་བ། བྲེལ་ཟིང་གིས་ཉི་མ་སྐད་ཅིག་གིས་རྫོགས་པའི་ཕྱི་དྲོ་ཞིག་ཏུ་ངའི་སྒེར་འཕྲིན་གྱི་སྟེགས་བུ་རུ་རྩོམ་ཡིགPDFཅན་ཞིག་དང་མཉམ་དུ་སྐད་ཅིག་བཞག་པར་ཉན། དགའ་སྡུག་ཁྲོ་ཆགས་ཀྱི་ཚོར་འདུ་སྣ་ཚོགས་ཀྱིས་བཞེངས་བའི་སྙན་དེབ་ཞིག་གི་གླེང་བརྗོད་འབྲི་བའི་བསྐུལ་མ་གནང་འདུག རྩོམ་ཡིག་རྣམས་བམ་བཀླགས་ཞིག་བྱས་པའི་རྗེས་སུ་རང་གི་བསམ་ཚུལ་ཙམ་ཞིག་འབྲི་ཡོང་ཞེས་ཁས་ལེན་ཞུས། དེབ་དང་འབྲེལ་བའི་བསམ་ཚུལ་མ་གླེང་བའི་སྔོན་དུ་བརྗོད་འདོད་པ་ཞིག་བྱུང་བ་ནི། རང་རེའི་སློབ་གཉེར་བ་མང་པོ་ཞིག་གིས་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ལམ་བུ་གཅིག་པུར་རྐྱང་འདེད་བྱེད་པ་དང་། ཡང་ཁག་ཅིག་གིས་ཐུན་མོང་རིག་གནས་ཀྱི་ཕྱོགས་སུའང་དོ་སྣང་ཤུགས་ཆེན་གནང་མཁན་སོགས་རིགས་འགའ་ཞིག་ཡོད་པའི་ཁོངས་ནས། ཟིང་ཆུ་བ་ཁོང་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞང་བོད་ཀྱི་རིག་པའི་གནས་ཆེན་པོ་གཉིས་ཀར་སློབ་གཉེར་ཡུན་རིང་གནང་མཁན་ཞིག་དང་། སློབ་གཉེར་གྱི་བརྒྱུད་རིམ་ཕུན་སུམ་ཚོགས་པ་ཞིག་གི་ཁྲོད་ནས་གཤོག་ཟུང་ལྡན་པའི་རབ་འབྱམས་པའི་མཚན་བཟང་བཞེས་ངེས་ཡིན་པ་ཅི་འདྲའི་བསྐལ་པ་བཟང་པོ་ཞིག་རེདའང་།
ད་ནི་ཁོང་གི་རྩོམ་ཡིག་གིས་དྲངས་པའི་བསམ་ཚུལ་མདོར་དྲིལ་ནས་རིམ་པས་འབྲི་བ་ལ། ཚན་པ་དང་པོར་ཐོག་མར་རྨ་མེད་པའི་རྣམ་དག་”གཤེན་གྱི་སྡོམ་རྒྱུད་དམུ་ཐག་རིང་མོའི་”ཆེ་བའི་ཡོན་ཏན་བརྗོད་བྱར་བཅིངས་ནས་རྩོམ་ཡིག་ཐམས་ཅད་ཀྱི་དབུ་ཚུགས་ཤིང་། མཇུག་ཏུ་སྐྱེས་པ་ཕོ་ཞིག་གི་ཡོན་ཏན་སྟེ་རང་ཚུགས་ནམ་ཡང་མི་འཆོར་བའི་གསལ་བཤད་སྤོབས་པ་མཐོན་པོས་ཆོད་སེམས་བརྟན་པོ་དང་བསྒྲགསཤིང་། ཚན་པ་གཉིས་པར་གངས་ཏི་སེའི་འགྲམ་ནས་སྐུའི་འཚར་ལོང་བྱུང་ཞིང་མཛད་ཆེན་བཅུ་གཉིས་ལྷོ་རྒྱལ་འཛམ་གླིང་བུའི་གླིང་དུ་བསྟན་པའི་སྟོན་པ་སྟེ་ཞང་བོད་མཐོ་སྒང་གི་མི་བོ་གཤེན་རབ་མྱི་བོ་ཆེ་འགྲོ་བ་མིའི་སྣང་ཚུལ་དུ་བྱུང་བར་དངོས་ཡོད་ལོ་རྒྱུས་རིག་པའི་མེ་ལོང་ཞིག་ཚིགས་སུ་བཅད་ནས་གསལ་བཤད་གནང་། སྡེ་ཚན་དེར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་སོགས་བཤེས་གཉེན་མང་པོར་རྨ་མེད་པའི་དད་པ་དང་གཡོ་བ་མེད་པའི་འདུན་པ་སྤྱན་སྔར་བསྟར། གཞན་ཡང་། འདས་སོང་གི་ལོ་ཟླ་ནི་སྙན་ངག་པ་ཞིག་ལ་མཚོན་ན་བརྗེད་མི་ཐུབ་པའི་ཚོར་བའི་འཕྲེང་བ་ཞིག་དང་། ཚོར་བའི་འཕྲེང་བ་དེ་དག་འཛུམ་རྩེས་ཉུག་བཞིན་ཉུག་བཞིན་སྙན་ངག་གི་དགའ་མའི་རུམ་ཁར་བཅུགས་ནས་དགའ་སྡུག་ཁྲོ་ཆགས་ཀྱི་ལོ་ཟླའི་ངོ་གདོང་ཐམས་ཅད་ཤུབ་ཤུབ་ཀྱི་ལམ་ནས་གསལ་བོར་བཟློས། དེ་བཞིན་ཕྱི་ནང་གསང་གསུམ་གྱི་འཚོ་བའི་རི་མོ་སྤྱི་ཚོགས་ཀྱི་མདུན་དུ་སྟོན་པར་འབད་དགོས་པ་སྒྱུ་རྩལ་གྱི་འཚོ་བའི་ཀླུང་དུ་ཉལ་བའི་སྙན་ངག་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་པས། སྙན་ངག་སྒྱུ་རྩལ་བའི་གཤིས་ལུགས་སམ་དམ་བཅར་ཨམ་གཙུགས་དང་བཅས་བཟུང། མཚམས་རེར་བཅོ་ལྔའི་ཟླ་བ་ཤར་དུས་ཀྱི་དྲན་གདུང་ལྕི་མོ་ཞིག་ལྗིད་ཏིག་ཏིག་གིས་སྙིང་ཁར་ཡང་ལྷུང་མྱོང་རབས་གསལ། འོན་ཀྱང་དེ་དག་ནི་རྨི་ལམ་ནང་གི་གཟུགས་བརྙན་ལྟ་བུར་གྱུར་བ་སྟེ་དགོན་སྡེའི་ལྕགས་རི་མཐུག་པོས་དམ་དུ་བཏགས་པའི་གནས་བབ་ལ་བསམ་གཞིག་ཅིག་བྱས་ནས་ངེས་འབྱུང་ཕྲ་རག་གི་ངོ་གདོང་ལ་ཕྱག་གིས་འཇུ་དགོས་པའང་བྱུང་ཡོད་པ་འདྲ། ཚན་པ་བཞི་པའི་ཁོངས་ནས་གསལ་བོར་མཐོང་བ་ནི། བཀྲ་ཤིས་རྟགས་བརྒྱད་ཀྱི་རང་སྒྲར་དབྱངས་སུ་གྱེར་བའི་གླུ་ངག་ཅིག་མ་བཅོས་རང་བརྡོལ་དུ་བྱུང་བ་ཐོས་ཤིང་། མཇུག་ཏུ་གངས་ཕྲུག་གི་རྐང་རྗེས་ཞེས་མི་ལོ་མང་པོའི་ཀྱག་ཀྱོག་གི་རྐང་རྗེས་ལ་ཕྱིར་དེད་དེད་ནས་ཕྱི་ནང་གསང་གསུམ་གྱི་རྐང་རྗེས་བཙལ། རྐང་རྗེས་ཁྲོད་ནས་རྐང་རྗེས་རྙེད། རྐང་རྗེས་ཁྲོད་ནས་གསེར་མདོག་གིས་ཕྱུག་པའི་ཞབས་རྗེས་རེའང་མཐོང་ཐུབ། དེ་བཞིན་ཚན་པ་ལྔ་པའི་ཁོངས་སུ་དཔོན་གསས་བླ་མ་དགྱེས་པའི་མཆོད་པ་ཚིག་དོན་བཅུ་གཅིག་དང་། འུ་ཅག་གི་སེམས་ཀྱི་གཏད་སོར་བཞེངས་པ་གདན་ས་ཆེན་པོ་སྨན་རིའི་གླིང་གི་ཕྱི་ནང་གི་བཀོད་པ་སོགས་དགེ་མཚན་དབྱངས་སུ་སུ་གྱེར། ལེའུ་ཚན་དེའི་མཇུག་ཏུ་ཚོར་སྣང་བན་བུན་པ་ཞིག་གི་ལམ་ནས་གནམ་ལོ་གསར་པའི་དགའ་སྟོན་གྱི་མཐོང་སྣང་ཚིགས་སུ་བཅད་པ་ཞིག་གིས་མཇུག་བསྡུས་འདུག
ཁོ་བོས་ཟིང་ཆུ་བའི་སྙན་རྩོམ་བམ་བཀླགས་བྱས་པའི་རྗེས་སུ་ལེའུ་ཚན་རེ་རེའི་བཀླགས་བྱང་ཙམ་ཞིག་འདི་ནས་འབྲི་མཚམས་འཇོག གཙོ་བོ་ཀློག་པ་པོ་དག་ཟིང་ཆུ་བ་ཁོང་གི་རྩོམ་ཡིག་ཁག་གི་ཕྱི་ནང་གཉིས་ཀར་ལྗོངས་རྒྱུ་གནང་རྗེས་བསམ་ཚུལ་རེ་གླེང་དགོས་པ་གལ་ཆེའོ། མདོར་ན། རྩོམ་ཡིག་མང་ཆེ་བའི་ཚིག་གི་གཅོད་མཚམས་དང་སྡེབ་པའི་སྦྱོར་བ་ལེགས་ཤིང་། བརྗོད་དོན་མང་པོ་ཞིག་དངོས་ཡོད་འཚོ་བའི་སྤྱི་ཚོགས་དང་ཁ་མ་བྲལ་བ་གླེང་བ་རེད་འདུག མཐར་ཟིང་ཆུ་བའི་སློབ་སྦྱོང་གི་རྒྱུད་རིམ་ཡག་པོ་འདི་བརྒྱུད་ནས་བསྟན་འགྲོའི་དོན་རླབས་ཆེན་རེ་འགྲུབ་པའི་སྨོན་འདུན་དང་བཅས།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ཉིན།
འགོ་བརྗོད།
ཟིང་ཆུ་བློ་གྲོས་ངེད་གཉིས་ཕན་ཚུན་ངོ་ཤེས་ནས་ཡུན་རིང་ཞིག་ཕྱིན་སོང་། ཡིན་ནའང་ངེད་གཉིས་གནས་ཡུལ་མི་གཅིག་པའི་དབང་གིས་འགྲོགས་འདྲིས་ཆེན་པོ་དེ་ཙམ་མེད་ཀྱང་། ངས་ཁོང་ནི་གཞུང་དྲང་ཞིག་དང་བོད་ཀྱི་ཤེས་རིག་ལ་དུང་བའི་བརྩོན་འགྲུས་དང་ལྡན་པའི་མི་ཞིག་ཡིན་པར་ཚོར་གྱིན་ཡོད། ཉེ་ཆར་དྲ་རྒྱ་བརྒྱུད་ནས་ཁོང་གིས་ང་ལ་ད་ལོར་དེབ་ཁ་ཤས་ཤིག་དཔེ་སྐྲུན་བྱ་འཆར་ཡོད། དེའི་ནང་གི་(གཡས་རུའི་འཆད་རྩོད་ཀྱི་འཆར་སྣང་)ཞེས་པའི་དེབ་དེའི་འགོ་བརྗོད་ཁྱོད་ཀྱིས་འབྲི་དགོས་འདུག་ཅེས་གསུངས་འདུག ངས་གནས་ཚུལ་དེ་གོ་མ་ཐག་དགའ་ཚོར་ཆེན་པོ་བྱུང་ལ། ཁོང་གིས་གདེང་འཇོག་ཆེན་པོ་བྱས་པའི་ལས་བསྐུལ་དེ་ལ་ཁག་དཀྲིགས་བྱས་ཏེ་ཟུར་འདོད་མ་བྱུང་། དང་ལེན་བྱས་ཏེ་ཁོང་ལ་རྟེན་འབྲེལ་གྱི་ཁ་གཡང་དང་ཡི་རང་ཞུས་པ་ཡིན། དེབ་ཁ་ཤས་ཤིག་ལེགས་འགྲུབ་འབྱུང་བ་ལ། ངལ་བ་བརྒྱ་ཕྲག་དང་ལེན་ཕོད་པའི་བློ་སྟོབས་ཤིག་དང་། ཆུ་བོའི་རྒྱུན་ལྟར་རྟག་ཏུ་འབད་ནུས་ཀྱི་བརྩོན་འགྲུས་ཤིག་ཡོད་དགོས་པ་མ་ཟད། སྙུག་འགྲོས་ཀྱི་རྩལ་དང་རྣམ་དཔྱོད་ཀྱི་རིག་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ངེས་པར་དུ་འཛོམས་དགོས་པས་ལས་སླ་བོ་ཞིག་མིན། རྩོམ་པ་པོ་ཞིག་ཡིན་ཚེ་དེའི་སྐོར་གྱི་དགའ་སྐྱོ་ཉམས་མྱོང་གི་ཚོར་བ་གསལ་ལམ་ལམ་ཞིག་དང་ལྗིད་ཏིག་ཏིག་རེ་ཡོད་པས་ཤེས་ལ་འདིར་མང་དུ་ཞུ་རྒྱུ་མིན།
ད་སྐབས་བབ་ཀྱི་བརྗོད་གཞི་དངོས་དང་འབྲེལ་བའི་སྐད་ཆའམ། དེབ་འདི་བརྒྱུད་ནས་རང་གི་མྱོང་ཚོར་ཕྲན་བུ་ཞིག་འདིར་བཤད་འདོད་བྱུང་། (གཡས་རུའི་འཆད་རྩོད་ཀྱི་འཆར་སྣང་) ཞེས་པའི་དེབ་འདི་ནི་བརྩམས་ཆོས་མི་འདྲ་བ་བཅུ་ཡིས་ལུས་ལེགས་པར་གྲུབ་པ་བྱས་ཡོད་ལ། དེ་དག་གི་ནང་དུ་རྩོམ་པ་པོ་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་དགོན་པའི་ལས་ཀ་བྱེད་སྟངས་དང་། དགོན་པ་ལ་བཅིང་བའི་དུང་སེམས་དང་མཐོང་སྣང་། གྲོགས་པོ་ཕན་ཚུན་བར་གྱི་བརྩེ་སེམས་དང་ཡིད་ཆེས། དེ་བཞིན་ཚད་མ་རིག་པའི་གཞུང་ལུགས་ལ་སྦྱོང་བརྩོན་གནང་དུས་ཀྱི་རྩོད་གླེང་གི་འགྲོ་སྟངས་དང་། བོད་གངས་ཅན་ལྗོངས་སུ་རང་ས་རང་ཡུལ་ནས་ཚད་མ་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ། ཆོས་ལུགས་སོ་སོ་བར་གྱི་མཐུན་འབྲེལ་གྱི་ལྟ་བ་དང་། རྩོམ་པ་པོ་རང་ཉིད་བོད་ཀྱི་ཐུན་མོང་དང་ཐུན་མོངས་མ་ཡིན་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ཆེན་པོར་འགྲིམ་པའི་སྐབས་ཀྱི་བསམ་བློའི་ལྟ་བ་སོགས་བསྟན་པ་མ་ཟད། ཁོང་གིས་རང་ཉིད་དང་འབྲེལ་ཏེ་རབ་བྱུང་བའི་དགོན་སྡེའི་འཚོ་བའི་བརྒྱུད་རིམ་གྱི་ལམ་བུ་དེ་བརྒྱུད་ནས། གྲྭ་བ་དཀྱུས་མ་དག་གི་བསམ་བློ་དང་ཀུན་སྤྱོད། དགོན་པའི་ནང་གི་འཚོ་བའི་ཕྱོགས་ཆ་དུ་མ་ཞིག་ཀྱང་ཤུགས་ཀྱིས་གོ་བར་བྱས་ཡོད། ལྷག་ཏུ་གཞུང་ལུགས་ཀྱི་ལྟ་གྲུབ་སོགས་དང་འབྲེལ་བའི་སྐོར་ལ། སྔོན་མའི་མཁས་པ་དག་གིས་གསུངས་པ་དག་དཔང་དུ་བཞག་ནས་ལུང་དྲངས་དང་། མཛད་པ་པོ་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས། དེ་བཞིན་འཆན་བུ་དང་ཤོག་གྲངས། དཔེ་སྐྲུན་ཁང་དང་བཅས་པ་བཀོད་དེ། དེང་དུས་ཀྱི་ཞིབ་འཇུག་གི་འགྲོས་དང་མཐུན་པར་ཁ་གསལ་བྱས་འདུག ཚིག་སྦྱོར་གྱི་ཆ་ནས་ཀྱང་ཚིག་འགྲོས་སྙན་པོ་ལ་འབད་དེ་བརྗོད་དོན་རྣམས་གོ་དཀའ་བའི་གནས་སུ་མ་བཅིངས་ཤིང་རྒྱུན་སྤྱོད་ཀྱི་སྐད་ཆའི་འགྲོས་ལྟར་བྲིས་འདུག་པས། རིག་གནས་ཀྱི་ཆུ་ཚད་མཐོན་པོ་ཡོད་མེད་ལ་མ་ལྟོས་པར་སུ་ཞིག་གིས་ཀློག་ཀྱང་གོ་སླ་བ་དང་། གལ་སྲིད་སུ་ཞིག་ལ་གྲྭ་བའི་འཚོ་བ་དང་སློབ་སྦྱོང་བྱེད་སྟངས། དགོན་པའི་ལས་རིམ་སོགས་ལ་རྒྱུས་ལོན་བྱ་འདོད་འཆིས་ཚེ། ཁྱེད་ཀྱིས་དེབ་འདི་ཀློགས་དང་འདིས་ཁྱེད་ཀྱི་སེམས་པའི་སྟོང་ཆ་མང་པོ་ཞིག་གང་བར་འགྱུར་ལ། རྩོམ་པ་པོ་ཁོང་གི་མི་གཤིས་དང་བསམ་བློ་ཀུན་སྤྱོད་ཀྱི་ཆ་མང་པོ་ཞིག་ཀྱང་འདི་བརྒྱུད་ནས་རྒྱུས་མངའ་འབྱུང་བར་འགྱུར་ཞེས་སྨྲ་འདོད་བྱུང་།
དེབ་འདི་ནི་ཁོང་གིས་ལོ་མང་སྔོན་ནས་བཟུང་སློབ་སྦྱོང་དུས་ཀྱི་བར་གསེང་གི་དུས་ཚོད་དག་ལ་བྲིས་པའི་རྩོམ་ཡིག་དག་ཕྱོགས་བསྒྲིགས་བྱས་པ་དང་། ངལ་བ་དང་རྟོག་དཔྱོད་མང་པོ་བརྒྱུད་ནས་གསར་རྩོམ་གྱི་ལམ་ལ་ཞུགས་པའི་རྗེས་ཤུལ་ཞིག་གམ་སྙུག་འགྲོས་ལ་དུང་བའི་མཚོན་བྱེད་ཅིག་ཀྱང་ཡིན། གསར་རྩོམ་གྱི་ལམ་ལ་ཐོག་མར་ཞུགས་མཁན་ཞིག་ལ་མཚོན་ནས་བཤད་ན་རང་གིས་བྲིས་པའི་བརྩམས་ཆོས་ཀྱིས་ཀློག་པ་པོ་རྣམས་ཀྱི་ཡིད་དབང་མགུ་ཐུབ་དང་མི་ཐུབ་གང་ལྟར་ཡང་། དུས་ཚོད་མང་པོ་ཞིག་བཏང་ཞིང་འབད་བརྩོན་ཆེན་པོ་བྱས་ནས་རང་གི་བསམ་བློའི་རྩི་བཅུད་ལས་བཏོན་པའི་རྩོམ་ཡིག་རྣམས། སྤོབས་པ་ཆེན་པོའི་ཐོག་ནས་དེབ་གཟུགས་སུ་བསྐྲུན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་སྙམ། གང་རེད་ཟེར་ན་གྲུབ་འབྲས་དེ་ལ་བརྟེན་ཏེ་རང་གི་སྤོབས་པ་དང་དགའ་ཕྱོགས་ཀྱི་བསམ་བློའི་ནུས་པ་སོགས་གོང་དུ་འཕེལ་ནུས་པ་ཡིན་ཞེས་ཞོར་དུ་འཕྲོས་པའོ།།
ད་མང་དུ་ཞུ་མི་དགོས་པར་(གཡས་རུའི་འཆད་རྩོད་ཀྱི་འཆར་སྣང་)ཞེས་དེབ་འདི་ཀློག་པོ་ཁྱེད་རྣམས་ཀྱི་སྤྱན་སྔར་དངོས་སུ་འབྱོར་ལ་ཉེར་བས། མཐར་མཇུག་འདིའི་ཚེ་སྲོག་གི་རིན་ཐང་དང་རྩོམ་རིག་སྒྱུ་རྩལ་གྱི་ཟབ་ཚད་དེ་འཇལ་མཁན་ཁྱེད་རྣམས་ཡིན་པས། ཁྱེད་ཅག་གི་ཡིད་ཀྱི་གསོས་སུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན།
༢༠༢༣།༩།༢༩ཉིན་བལ་ཡུལ་དུ་བྲིས། དགེ་བཤེས་ཞང་ངུ་ཚུལ་ཁྲིམས་ནས།
དཔར་སྐྲུན་གསལ་བཤད།
གངས་ཏི་སེའི་གཟི་འོད་འཕྲོ་བའི་རྒྱལ་ཁམས་སུ་ ༧ རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་
མཆོག་གིས་ཤེས་རིག་གི་ཁོར་ཡུག་ཅིག་བསྐྲུན་ཞིང་། བསྟན་དང་འགྲོ་བ་སྤྱི་ལ་སྨན་པའི་རིག་གནས་དང་བསྟན་པ་ཞེས་དབྱེ་སྒོ་གཉིས་ཀྱི་སྒོ་ནས་བོན་གྱི་ཤེས་རིག་རྒྱ་ཆེ་ཞིག་སྤེལ་བ་རྣམས་ནི། རྗེས་འཇུག་གི་མཁས་གྲུབ་སློབ་དཔོན་དག་གིས་ཡུལ་ཁམས་སོ་སོ་རུ་གདན་དྲངས་ཏེ། གདུལ་བྱ་གང་འཚམས་སུ་འཕྲིན་ལས་ཀྱི་མཛད་པ་རབ་ཏུ་བསྐྱངས་ཡོད། དེ་དག་གི་བཀའ་དྲིན་གྱི་མཐུ་ལ་བརྟེན་ནས་བོན་གྱི་ཤེས་རིག་གི་སྲོལ་རྒྱུན་དག་ད་ལྟའི་བོད་མི་གཙོས་པའི་འགྲོ་བ་མིའི་ལོངས་སྤྱོད་དུ་གྱུར་ཡོད་པ་ནི་སྨོས་ཅི་དགོས། ཁྱད་པར་དུ་བཟོ་རིག་གི་རྣམ་བཞག་ནི་བསྟན་པ་སྤྱི་ཡི་རྨང་གཞི་ལྟ་བུ་བཟུང་ནས་སྟོན་པ་ཐུགས་རྗེ་ཅན་གྱིས། བཟོ་རྗེ་གར་མ་ལི་ཤོ་གཙོས་པའི་བཟོ་ལ་ཁས་པ་བཟོ་རྗེ་ལྷ་དབང་དང་། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་ཝ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་ལ་བཟོ་རིག་གི་སྒྱུ་རྩལ་གཏན་ལ་ཕབ་སྟེ་བསྟན་པའོ། །
བོད་ལ་དུས་དང་དུས་སུ་ལོ་རྒྱུས་ཀྱི་འགྱུར་ལྡོག་ཇི་སྙེད་ཅིག་བྱུང་བའི་བརྒྱུད་རིམ་ཁྲོད་སྐད་དང་ཡི་གེ་ལ་ཡང་དེ་དང་དེ་བཞིན་འཕོ་འགྱུར་བྱུང་བ་གཏན་ཁེལ་རེད་སྙམ། སྤྱིར་བཏང་བོད་ལ་རིག་གཞུང་དང་ཤེས་རིག་ཇི་སྙེད་ཅིག་གི་བྱུང་ཁུངས་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། དེང་དུས་ཤར་ནུབ་ཀུན་ནས་བོད་རིག་པ་སྨྲ་བའི་ཞིབ་འཇུག་པ་དང་མཁས་དབང་མི་ཉུང་བ་ཞིག་གིས་བོད་ལ་དུས་རབས་བདུན་པའི་ཡ་སྔོན་ནས་བོད་རང་ལ་ཕྱི་ནང་གི་རིག་གནས་ཕུན་སུམ་ཚོགས་ཞིང་། ཡི་གེ་དང་དེའི་ཡིག་ཚུགས་ཀྱི་འབྲི་སྲོལ་སོགས་ཀྱི་སྒྱུ་རྩལ་ཤེས་རིག་སྣ་མང་འཛོམས་པའི་རྒྱལ་ཁམས་ཞིག་ཏུ་ངོས་འཛིན་གནང་དང་གནང་བཞིན་ཡིན་མོད། ད་ལན་ཕྲན་གྱིས་བྲིས་པའི་«ཞང་བོད་ཀྱི་ཡིག་གཟུགས་འབྲི་སྟངས་»ཞེས་ཡི་གེའི་འབྲི་སྟངས་ཀྱི་དེབ་ཆུང་ནི་རིང་ནས་རེ་འདོད་དུ་བཅང་བའི་དགའ་ཕྱོགས་ཀྱི་རིག་གནས་ཞིག་ཡིན། དེ་ཡང་2012ལོར་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་མཆོག་གིས་བཀའ་མངགས་གནང་བར་དང་བསྟུན་པའི། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་གཉིས་ལ་ལོ་གཅིག་ཙམ་གྱི་རིང་ལ་གཟའ་འཁོར་རེའི་གཟའ་ཉི་མའི་ཉིན་ཞང་ཞུང་སྨར་ཆུང་གི་ཡིག་ཚུགས་འབྲི་སྟངས་བསླབ་པའི་བརྒྱུད་རིམ་ཁྲོད་ནས། འདི་ལྟར་ཡིག་གཟུགས་འབྲི་སྟངས་ཀྱི་མ་ཕྱི་ཞིག་འབྲི་ཐུབ་ན་དགེ་ཕན་ཡོད་ལུགས་མཐོང་བའི་རྐྱེན་གྱིས། ལོ་དེར་འབྲི་འགོ་བརྩམ་ནས་བྲིས་ཟིན། ༢༠༡༧ ལོར་པར་ཐེངས་དང་པོར་བཏབས་པ་དང་། ༢༠༢༤ལོར་ཕྲན་རང་ཉིད་དགེ་བཤེས་མཛད་སྒོ་དང་བསྟུན་འབྱུང་ལྔ་དང་གྲངས་མཉམ་པའི་དཔེ་ཚོགས་ཞིག་སྐྲུན་ཆེད་པར་ཐེངས་གཉིས་པ་བསྐྱར་པར་བྱས། ཡིག་གཟུགས་ཀྱི་གོ་རིམ་སྒྲིག་སྟངས་ནི་བོན་གྱི་ཡིག་རྙིང་ལོ་རྒྱུས་ཁྲོད་ནས་“དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་བསྒྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་འབྲུ་སྣ་ཚོགས་ལས་འབྲུ་མ་བརྩམས་སོ།”། ཞེས་པའི་རྒྱབ་ལྗོངས་དང་བསྟུན་ནས་«གཡུང་དྲུང་ལྷ་ཡིག་དཀར་པོ་»དང་། «སྟག་གཟིག་སྤུངས་སོ་ཆེ་བ།» «སྟག་གཟིག་སྤུངས་སོ་ཆུང་བ།» «ཞང་ཞུང་ཡིག་རྒན།» «ཞང་ཞུང་སྨར་ཆེན།» «ཞང་ཞུང་སྨར་ཆུང་།» «དབུ་ཅན་གྱི་ཡིག་གཟུགས།» «དབུ་མེད་ཀྱི་ཡིག་གཟུགས།»བཅས་སྒྲིག་སྟེ་བྲིས་ཡོད། ཡིག་གཟུགས་དེ་དག་གི་འབྲི་སྟངས་ནི་དགེ་རྒན་དམ་པ་རྣམས་ཀྱི་ཁྲིད་རྒྱུན་ལྡན་པ་དང་མི་ལྡན་པ་ཅི་རིགས་ཡིན། དེ་བཞིན་སྨྱུག་ཁམས་བཅད་སྟངས་དང་འཛིན་སྟངས། དང་ཐོག་བསགས་གཞོང་སོགས་ལ་ཇི་ལྟར་འབྲི་དགོས་མིན་གྱི་ཞལ་ཁྲིད་ཅུང་ཙམ་ཐོབ་མྱོང་ཡོད། དེབ་འདིའི་མིང་དབྱིན་ཡིག་ཐོག་བསྒྱུར་གནང་མཁན་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་གཙོས་པའི་བདག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་དང་རྒྱབ་སྐྱོར་གནང་མཁན་རྣམས་ཀྱི་ལྷག་བསམ་རྣམ་དག་ལ། བཀའ་དྲིན་ཚོར་ཞིང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་ཐུགས་རྗེ་ལེགས་གསོལ་གྲངས་མེད་ཞུ་བ་དང་། ཁོ་བོར་རྩོམ་རིག་དང་སྨྱུག་རྩལ་ཞན་པས་རྩོམ་གྱི་འགྲོས་ལ་ཇི་སྙེད་ཅིག་ཆད་ལྷག་ཡོད་ངེས་པས། རྒྱ་ཆེའི་ཀློག་པ་པོ་དང་མཁས་དབང་རྣམས་ལ་ཐུགས་སུན་བྱུང་རིགས་བཟོད་པར་གསོལ། ད་ལན་དེབ་འདིའི་འགྲོ་གྲོན་ཆ་ཚང་ཆོས་ཡགས་གྲོང་སྡེའི་( ཁོད་སྤུངས་ཚང་ )གི་ནང་མི་མིང་སྲིང་རྣམས་ཀྱིས་སྦྱར་གནང་བར་བཀའ་དྲིན་ཆེ།
མཇུག་མཐར་རང་གཞན་ཐུན་མོང་དུ་བསགས་པའི་དགེ་ཚོགས་བསོད་ནམས་ཆ་ཅུང་རེ་མཆིས་ཚེ། དྲིན་ཆེན་ཕ་མ་གཉིས་གཙོས་པའི་མ་གྱུར་ནམ་མཁའི་མཐའ་མཉམ་ཡོངས་ལ་བསྔོ་ཞིང་། ༧ སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་གཙོས་པའི་གང་ན་སུ་བཞུགས་བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བསྟན་འགྲོའི་འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་མི་འགྱུར་གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ་མི་ནུབ་རྒྱལ་མཚན་འཛུགས་པར་ཤོག ། ཕྱི་ལོ་༢༠༢༤ ཟླ་བ་༠༡ ཚེས་༠༡ ཉིན་༧གདན་ས་སྨན་རིའི་གླིང་དུ་རྩོམ་པ་པོ་ནས། ཡིག་གཟུགས་དཔེ་དེབ་འདི་ཕྱི་ལོ་༢༠༡༧ ལོར་པར་ཐེངས་དང་པོར་བཏབས་པས་རྫོགས་ཟིན། ད་ལོ་༢༠༢༤ ལོར་ཕྲན་རང་ཉིད་དགེ་བཤེས་མཛད་སྒོ་དང་བསྟུན་བསྐྱར་པར་ཞིག་བྱས་ཐུབ་ན་མང་པོ་ཞིག་གི་རེ་བ་བསྐང་ཞིང་། འབྱུང་བ་ལྔ་དང་གྲངས་མཉམ་པའི་དཔེ་ཚོགས་སུ་སྐྲུན་པར་འགྲོ་གྲོན་ཆ་ཚང་ཆོས་ཡགས་ གྲོང་སྡེའི་( ཁོད་སྤུངས་ཚང་ )གི་ནང་མི་མིང་སྲིང་རྣམས་ཀྱིས་སྦྱར་གནང་བར་བཀའ་དྲིན་ཆེ།
མཇུག་མཐར་རང་གཞན་ཐུན་མོང་དུ་བསགས་པའི་དགེ་ཚོགས་བསོད་ནམས་ཆ་ཅུང་རེ་མཆིས་ཚེ། དྲིན་ཆེན་ཕ་མ་གཉིས་གཙོས་པའི་མ་གྱུར་ནམ་མཁའ་མཐའ་མཉམ་ཡོངས་ལ་བསྔོ་ཞིང་། ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་གཙོས་པའི་གང་ན་སུ་བཞུགས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བསྟན་འགྲོའི་འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་མི་འགྱུར་གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ་མི་ནུས་རྒྱལ་མཚན་འཛུགས་པར་ཤོག ། ཕྱི་ལོ་༢༠༢༤ ཟླ་བ་༠༡ ཚེས་༠༡ ཉིན་༧གདན་ས་སྨན་རིའི་གླིང་དུ བཀའ་རམས་པ་བློ་གྲོས་བསྟན་དར་ནས།