དེ་ཡང་འཆར་ལྟར་བོད་ཟླ་ལྔ་པའི་ནང་ཉིན་ལྔའི་རིང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཀྱི་ཚོགས་རྣམས་ཉེ་བར་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཡངས་པའི་ཁམས་སུ་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་ཡོངས་སུ་ཞི་སྟེ། ཕུན་ཚོགས་བདེ་སྐྱིད་དཔལ་ཡོན་དབྱར་མཚོ་ལྟར་དུ་འཕེལ་ཞིང་རྒྱས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཆེད། ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་ཞེས། ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་ཚོགས་འཁོར་རྒྱས་འབུལ་དང་། དེ་བཞིན་མཁའ་ཀློང་གསང་བའི་མདོས་ཆེན། གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། གདུགས་དཀར་སྟོང་ཟློག རྣམ་འཇོམས་སྟོང་ཟློག ཁྲོ་བོ་དམར་ཆེན་ཟློག་པ། ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ། ཀླུ་གཏོར་གཏོང་བ་དང་། གསེར་འོད་འདོན་པ་ལ་སོགས་གནད་སྨིན་གྱི་རིམ་གྲོ་དུ་མ་ཞིག་བཅའ་འདོན་གནང་སྲོལ་ཡོད་པ་བཞིན། འབྲེལ་ཡོད་ཉིན་དང་པོའི་གནས་ཚུལ་གཟིགས།
འདི་ལོར་ཡང་བོད་ཟླ་ལྔ་པའི་བོད་ཚེས་ ༡༣ ནས་དབུ་བརྩམས་ཏེ། དེ་རིང་བོད་ཟླ་ལྔ་པའི་ཚེས་ ༡༦ བར་ཉིན་ལྔའི་རིང་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བཙུན་དགོན་རཏྞ་སྨན་གླིང་གི་གྲྭ་བཙུན་ཡོངས་ནས། གོང་གསལ་གྱི་རིམ་གྲོའི་ཆོ་ག་རྣམས་གསོག་སྒྲུབ་གནང་ཞིང་།
བོད་ཟླ་ལྔ་པའི་བོད་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་གྱི་སྔ་དྲོར། བོན་གཞིས་ཐོབ་རྒྱལ་གསར་པའི་ལྷ་རྒྱལ་རིར་༸སེར་སྐྱ་མི་མང་ཡོངས་ནས། བོན་སྐྱོང་སྤྱི་དང་། བྱེ་བྲག་ལ་བསང་གསོལ་རྒྱས་འབུལ་གནང་ཞིང།
ཉིན་རྒྱབ་དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་ཆེན་མོའི་འཆམ་རར། བོན་སྐྱོང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་རྒྱལ་ཡེ་ཤེས་དབལ་མོའི་གར་འཆམ་དང་། རྣམ་བརྒྱད་ཀྱི་གར་འཆམ་བཅས་མཇལ་ཁ་བསྩལ་གནང་ཡོད་པ་རེད།
དེ་རིང་སྟེ་བོད་ཚེས་ ༡༦ ཉིན་གུང་༸སྐྱབས་རྗེ་སྨན་རི་བ་མཆོག་དབུ་བཞུགས་ཐོག སྨན་རིའི་གྲྭ་ཚང་གཙོས་ཚོགས་པ་ཁག་དང་། གྲོང་སྡེ་ཁག་སོ་སོའི་གཡང་བུམ་དང་མདའ་དར་ཕྱག་ཏུ་བསྣམས་ཏེ། གཤེན་རབ་རྣམ་པར་རྒྱལ་བའི་ཕྱོགས་བཞིའི་གཡང་འབོད་དང་། དེ་རྗེས་སྨན་རིའི་ཚོགས་ཁང་ཆེན་མོར་བོན་སྐྱོང་སྤྱི་ཡི་མངའ་གསོལ་མཛད།
ཕྱི་དྲོར་གདུག་དཀར་དང་། རྣམ་འཇོམ། ཁྲོ་བོ་དམར་ཆེན་ཟློག་པ་བཅས་ཀྱི་ཟློག་ཁྲུས་གནང་ཞིང་། མཁའ་ཀློང་གསང་བའི་མདོས་ཆེན་གྱི་གཡང་སྐོར་གནང་བ་དང་། མེ་ཐབས་མདུན་དུ་སྒྲུབ་གཤེན་རྣམས་ཀྱིས་སྨོན་ལམ་དང་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བསྔོ་བ་གསུང་གནང་ཡོད་པ་བཅས་བོད་ཤིང་འབྲུག་་ལོའི་གཞིས་དགོན་གཉིས་ཀྱི་སྤྱི་རིམ་འཇུག་གྲུབ་ཡོད་པའི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།