ཉེ་ཆར་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་དང་པོའི་དགེ་བཤེས་མཚན་གནས་བདུན་པ་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་མཆོག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁྲིས་ཀྱི་རང་ཤག་ཏུ་དགོངས་ལོ་བདུན་བཅུའི་སྟེང་དགོངས་པ་བོན་དབྱིངས་སུ་བཤེགས་ཏེ་ཐུགས་དམ་བཞུགས་གནང་མཛད་ཡོད་པ་རེད་འདུག་འ་དེ་རིང་བོད་ཚེས་བཅུ་བདུན་ཞོགས་པར་༸རྒྱལ་བ་སྨན་རིའི་བླ་བྲང་ནས་༸སྨན་རིའི་གྲྭ་ཚང་འདུས་པ་རྒྱ་མཚོར་སྨོན་ལམ་མང་ཇ་བཏང་གནང་སོང་།
ཕྱི་ལོ་༢༠༢༤ལོའི་ཟླ་༠༦ཚེས་༢༢དང་བོད་ཟླ་༠༥ཚེས་༡༥ཉིན་གྱི་ཞོགས་པ་ཆུ་ཚོད་༩:༢༣ཐོག་སྐུ་ཆ་ལུགས་ལྔ་ལྡན་ངང་ཐུགས་དམ་དུ་བཞུགས་བཞིན་དགོངས་པ་བོན་དབྱིངས་སུ་གཤེགས་པའི་གནས་ཚུལ་བྱུང་ཡོད་འདུག་ལ་ས་གནས་དེའི་གའི་ཉེ་མཁྲིས་ཀྱི་བླ་གྲྭ་རྣམས་དང་དཔལ་ལྡན་ཁྲི་བརྟན་ནོར་བརྩེའི་བླ་གྲྭ་འགའ་ཞིག་གིས་གདུང་འདབས་མཆོད་འབུལ་གནང་བཞིན་པ་ཡིན་འདུག་པ་དང་། དེ་རིང་བོད་ཚེས་ ༡༧ ཞོགས་པར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་བླ་བྲང་ནས་ཞིངས་བཞེགས་དགེ་བཤེས་དེ་ཉིད་ཀྱི་ཐུགས་མཐའ་དག་ཡོངས་སུ་རྫོགས་ཤིང་། ཚེ་རབས་ནས་ཀུན་ཏུ་འའགྲོ་བ་སེམས་ཅན་གྱི་དོན་བླ་ན་མེད་པར་སྒྲུབ་པའི་ཕྱིར་༸སྨན་རིའི་གྲྭ་ཚང་འདུས་པ་རྒྱ་མཚོར་སྨོན་ལམ་མང་ཇ་བཏང་གནང་སོང་།
ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་མཆོག་ནི་དོལ་པོ་ཚྭ་དགའ་རུ་ཡ་ངལ་གཤེན་གྱི་གདུང་རྒྱུད་དུ་ཡབ་ཡང་སྟོན་བླ་མ་ཉི་མ་ཚེ་བརྟན་དང་ཡུམ་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༥༤/༠༥/༡༠ ཉིན་འཁྲུངས། ༡༩༧༨/༠༤/༡༠ ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་དུ་གཙང་ཁྲིམས་རྫོགས་པར་ཞུས་ཤིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་སྒྲིག་ཞུགས་གནང་།
༡༩༧༩ ལོར་གཅུང་པོ་ཡང་སྟོན་འཕྲིན་ལས་ཉི་མ་༼ ད་ལྟའི་སྨན་རིའི་དཔོན་སློབརིན་པོ་ཆེ།༽སོགས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་དུ་གདན་ཞུ་དང་བཤད་སྒྲུབ་གྲྭ་ཚང་གི་རྒྱུན་ལས་སྨན་རིའི་སྒྲུབ་ཁང་ལྷ་མཆོད་སོགས་གནང་།
༡༩༨༦ གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་དྲུང་དུ་སྐབས་དང་པོའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས།
༡༩༨༨ ལོར་ཚྭ་དགའ་ཡང་སྟོན་བླ་བྲང་གི་བླ་མ་མཛད་ནས་༧ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་གསར་གཞེངས་དང་ ༡༩༩༣ ལོ་ ༧སྟར་རྫོངས་ཕུན་ཚོགས་གླིང་གི་རྟེན་དང་བརྟེན་པ་རྣམས་ཞུགས་གསོ་ལེགས་པར་མཛད་པ་དང་སྔ་སྲོལ་ལྟར་གསང་སྔགས་རིག་པ་འཛིན་པའི་སྡེ་དང་ལོ་ཆུང་བྱིས་པ་རྣམས་ལ་ལོ་གསུམ་སྔོན་འགྲོ་སོགས་ཀྱི་འདོན་ཕྱག་ལེན་དང་བོད་ཀྱི་གསོ་རིག་དོན་གཉེར་བ་རྣམས་ལ་གསོ་རིག་སྐོར་འཆད་ཁྲིད་སོགས་གནང་།
༢༠༠༢ ལོ་དང་ ༢༠༠༤ ལོ་ ༢༠༡༥ ལོ ༢༠༡༧ ལོར་བཅས་སུ་སྔ་ཕྱི་རིམ་པ་ཨ་རིར་ཕེབས་ནས་ལིག་མི་རྐྱ་བོན་ཚོགས་དང་རྒྱལ་གཤེན་བོན་ཚོགས་སོགས་སུ་བོན་ཁྲིད་ཀྱི་མཛད་པ་བསྐྱངས། ཕྱི་ལོ་༢༠༢༤ལོའི་ཟླ་༠༦ཚེས་༢༢དང་བོད་ཟླ་༠༥ཚེས་༡༥ཉིན་གྱི་ཞོགས་པ་ཆུ་ཚོད་༩:༢༣ཐོག་སྐུ་ཆ་ལུགས་ལྔ་ལྡན་ངང་ཐུགས་དམ་དུ་བཞུགས་བཞིན་དགོངས་པ་བོན་དབྱིངས་སུ་གཤེགས། གནས་ཚུལ་མཁོ་འདོན་པ་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན།