དེ་ཡང་བཙུན་དགོན་རཏྣ་སྨན་གླིང་གི་སྐབས་དང་པོའི་དགེ་བཤེས་ཕུན་ཚོགས་ཚུལ་འཛིན་ལགས་ཀྱི་རྩོམ་དེབ་གཉིས་པ་“མཐོ་སྒང་ཇོ་མོའི་དཔྱད་གླེང་”ཞེས་པ་ཞིག་པར་སྐྲུན་གནང་ཡོད་པ་དང་། མི་རིང་བར་འདི་ཟླའི་སྤྱི་ཚེས་ ༡༠ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་སྒོ་འབྱེད་དང་འགྲེམ་སྤེལ་བྱ་རྒྱུ་རེད་འདུག འདིར་རྩོམ་པ་པོའི་ལོ་རྒྱུས་དང་། རྩོམ་དེབ་ཀྱི་དཀར་ཆག་དང་སྔོན་གླེང་དཔེ་སྐྲུན་གསལ་བཤད་བཅས་བཀོད་ཡོད།
སྔོན་གླེང་ཇོ་མོའི་ལས་དབང་།
ཐོག་མར་ལོ་རྒྱུས་ཟེར་བའི་བརྡ་ཆད་དམ་ངོ་བོ་ནི་ཆེས་གལ་འགངས་ཆེ་སྟེ། <<སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ་གྱི་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་>>ལས། ‘‘དེ་ཡང་ལོ་རྒྱུས་ཀྱི་དོན་ཞེས་བྱ་བ་ནི། ལོ་དུ་མ་ལོན་པའི་རྒྱུས་ད་ལྟ་འོ་སྐོལ་ལ་བྱུང་བས་ན་ལོ་རྒྱུས་སོ།’’ ཞེས་གསལ་བ་ལྟར་དང་། “འདས་པའི་ལོ་རྒྱུས་ནི་ད་ལྟའི་མེ་ལོང་ཡིན་”ཞེས་པ་བཞིན་འདས་པའི་བྱུང་རབས་ལོ་རྒྱུས་རྣམས་“རྡོ་ལག་བརྒྱུད་དང། ཆུ་ལམ་ཞུགས།”ཞེས་པ་ལྟར་མ་འོངས་པའི་མི་རབས་གསར་པ་བུ་རབས་ཚ་རྒྱུད་རྣམས་ལ་རྩིས་སྤྲོད་བྱ་བའི་བརྒྱུད་རིམ་ཞིག་ལ་གོ།
དེ་ཡང་ཁ་བཤད་ཆུ་ལྦུ་བ་ལས། ལག་ལེན་གསེར་གྱི་ཐིག་པ་དོན་ཁེལ་བྱས་ཏེ་ད་ལན་<<མཐོ་སྒང་ཇོ་མོའི་དཔྱད་གླེང་>>ཞེས་པའི་བཙུན་མའི་དཔྱད་དེབ་ཅིག་ཉིན་མོའི་སྐར་མ་ཞེས་པའི་དཔེ་གཡེར་པོ་ཆེ་ལྟར་ཤར་རྗེས་སུ་རྩོམ་པ་པོས་སྔོན་གླེང་ཞིག་འབྲི་དགོས་པའི་རྟིང་སྐུལ་བགྱིས་པར་བརྟེན་དཔྱད་རྩོམ་འདི་ཉིད་ཀྱི་མགོ་མཇུག་ཆ་ཚང་ཞིབ་བཀླགས་དང་ཞུ་དག་བྱས་རྟིང་རྒྱུས་མངའ་གང་འཚམས་ཡོད་པའི་ཆ་ནས་”རྒྱུས་ཡོོད་མི་ལ་རྒྱུས་གཏམ། རྒྱུས་མེད་མི་ལ་སྟོང་གཏམ།”ཞེས་པའི་དཔེ་ལྟར་ཚིག་སྔ་མའི་དབང་དུ་བྱས་ཏེ་གདེང་སྤོབས་ཀྱི་ཐོག་ནས་དང་ལེན་ཞུས་ཏེ་དཔྱད་གླེང་གི་བརྗོད་གཞིའི་ནང་དོན་ཏེ་ཇོ་མོའི་ལས་དབང་དང་སྦྲེལ་ཏེ་ཅུང་ཞིག་གླེང་བར་འདོད།
དེ་ཡང་མཐོ་སྒང་དང་། ཇོ་མོ། ཁྱད་པར་དུ་དེའི་དཔྱད་གླེང་སོགས་ཀྱིས་མིང་བརྡ་གྲུབ་ཅིང་ཤེས་རིག་གི་གླིང་ཁར་རོལ་གར་བསྒྱུར་ཞིང་དངོས་སུ་སྐྱེད་ཚལ་བྱུང་བར་ཐོག་མར་དགའ་བའི་བསུ་མ་དང་སྙན་པའི་གཏམ་ཐུང་ཞིག་མོལ་ན། སྤྱིར་འཛམ་བུ་གླིང་དུ་ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་མཚམས་འདིར་སྣོད་བཅུད་གཉིས་ཀྱི་འགྱུར་འགྲོས་དང་། ཁྱད་པར་དུ་མིའི་རྣམ་དཔྱོད་ཀྱིས་བསྐྲུན་པའི་མཚན་རྩལ་དང་། ཤེས་རིག་གི་འོད་སྣང་སོགས་ལ་གཞིགས་ན་ཧ་ལས་ཧང་འཐོར་དགོས་ཡ་མེད་མོད།
དེ་ལས་ཧོར་ཁྱུང་གཉིས་ཞེས་མཐོ་སྒང་བོད་ཆེན་པོའི་ཤེས་རིག་གི་བང་མཛོད་ཞང་ཞུང་སྒོ་པའི་རྔ་སྣེ་སུ་འཁྲིལ་བར་བདོག་པའི་ཆ་ནས་དགའ་བ་སྒོམ་ཆོག་ལ་སྐད་གསེང་མཐོན་པོའི་ཐོག་ནས་ངོམ་སོ་ཡང་བྱེད་ཆོག་པ་རེད་ཅེས་བརྗོད་ན་དོན་ལ་གནས་པའི་ཤེས་རིག་གི་འབྱུང་ཁུངས་ཆུ་མགོ་ལྟ་བུའི་ལོ་རྒྱུས་ཡོད་པས་སོ།
ཡིན་ཡང་དེ་ལས་ལྡོག་སྟེ་ཧོར་ཁྱུང་གཉིས་ཀྱི་ནང་དུ་སྔོན་བྱོན་སྐྱེས་ཆེན་དམ་པའི་རྣམ་ཐར་དང་གལ་ཆེའི་མི་སྣའི་རྒྱལ་རབས་ལོ་རྒྱུས། རྩོམ་རིག་སོགས་མཚོན་པའི་བོད་ཀྱི་དེབ་ཐེར་ཐོག་ཏུ་འབྲི་མཁན་ཆེས་ཉུང་ལ། དེའི་ནང་ནས་བུད་མེད་ཀྱི་རྩོམ་པ་པོ་ཟེར་བ་མཛུབ་མོ་ལྔ་ཡི་གྲངས་འདྲེན་ཙམ་དང་། དེ་ལས་ཇོ་མོའམ་བཙུན་མ་རྣམས་ཀྱིས་བྲིས་པའི་དཔྱད་དེབ་ཉིན་མོའི་སྐར་མ་ལྟར་རེད་ཅེས་བརྗོད་ན་ཚིག་ཐལ་ཆེར་མི་འགྲོ་སྙམ། དེ་ནི་བཙུན་མ་རྣམས་ཅུང་ཞིག་ཁག་མེད་པའི་གནས་ཏེ། འདི་ནས་མྱི་ལོ་བཅུ་གྲངས་ཙམ་གྱི་ཡར་སྔོན་དུ་ཁྱིམ་ལས་དང་། ཕྱུགས་རྫི། ཕྲུག་རྫི་ཁོ་ནའི་དུས་འདའ་བར་ཁྱིམ་སྤངས་རབ་ཏུ་བྱུང་ཟེར་བའི་བརྡ་ཆད་གཏིང་ཟབ་ཀྱི་ཚབ་ཏུ་ཁྱིམ་ལས་རབ་ཏུ་བྱུང་ཞེས་པའི་མིང་ཚིག་བཅུགས་ན་འོས་བབས་སུ་གྱུར་པའི་མཚམས་ཡན་ཆོད་སླེབས་ཡོད་པ་མངོན་མཐོང་མྱོང་ཟིན་ཐོག་ནས་བརྗོད་ན་དངོས་དོན་དང་མི་འགལ་བར་ཚིག་ཐག་བཅད་ནས་བརྗོད་ཐུབ།
དེར་བརྟེན་བཙུན་མ་ཚོའི་མདུན་སྐྱོད་ཀྱིི་སྤོབས་པ་དང་། རིག་རྩལ་གྱི་བློ་སྒོ་འབྱེད་མ་ཐུབ་པ་ནི་ཁོར་ཡུག་དེ་ཙམ་མེད་རྐྱེན་སོགས་ཕྱོགས་གང་ཐད་ནས་བོད་མི་རིགས་ཀྱི་རིག་གནས་དང་། སྐད་ཡིག་ལ་གྱོང་གུད་ཐ་ན་བསམ་མནོའི་སྒོ་མོ་འབྱེད་མི་ཐུབ་པ་བག་འཁུམས་སོགས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་མི་རྗེས་ཁྱི་འགྲོ་ཙམ་ལས་སྔོན་དུ་ཐོན་མ་ཐུབ་པ་ཡིན་པར་རྟོགས་ཐུབ།
ཡིན་ཡང་དེང་ཆར་ཉི་མ་སྤར་མོ་མི་ཁེབས་ཞེས་པའི་དཔེ་ལྟར་སྤྱི་ཡོངས་ཤེས་རིག་གི་འོད་སྣང་འཚེར་ཞིང་། ཤེས་ཡོན་གྱི་གླེང་སྟེགས་ཐོག་ཏུ་ལུང་རིག་གི་བརྒལ་རྟགས་རྩོད་ཅིང་རྣམ་དཔྱོད་ཀྱི་རིག་རྩལ་འགྲན་ཆོག་པའི་རིག་འཕྲུལ་གྱི་དུས་རབས་ཉེར་གཅིག་པའི་འཁྱིལ་ཁུག་འདི་ལ་མཚོན་ན། “བདོ་བ་རྟ་ཕོར་བང་རྩལ་ཡོད་ན། ཨ་ཆེན་ཐང་ལ་ཟད་མཐའ་མེད་”ཅེས་པའི་དཔེར་ལྟར། སོ་སོར་རྣམ་དཔྱོད་དང་ཤེས་ཡོན་ཡོད་ན། རིག་རྩལ་ངོམ་སའི་གར་སྟེགས་དང་ཁོར་ཡུག་སོགས་འགག་ཐོགས་མེད་པ་རེད་ཅེས་གླེང་ན་འགལ་གཞི་མེད་པ་ལྟ་བུ་རེད།
དེར་བརྟེན་ད་ལན་ཝཱར་ཎ་མཐོ་སློབ་ཀྱི་དགེ་རྒན་བཙུན་དགོན་རཏྣ་སྨན་གླིང་གི་དགེ་བཤེས་ཕུན་ཚོགས་ཚུལ་འཛིན་གྱིས་<<མཐོ་སྒང་ཇོ་མོའི་དཔྱད་གླེང་>>ཞེས་པའི་མྱོང་ཐོག་བདེན་འཚོལ་ཀྱི་སྒལ་ཚིགས་རྒྱབ་ནས་བརྟེན་ཞིང། ཞུམ་མེད་མདུན་སྐྱོད་ཀྱི་གོམ་སྟབས་རྒྱང་དུ་སྐྱོད་དེ། དྲང་བདེན་འདྲ་མཉམ་གྱི་བློ་སྒོ་ཡངས་པོར་ཕྱེས་ནས། ཉེར་གཅིག་རིག་འཕྲུལ་གྱི་ཤེེས་བྱའི་ཐང་ཆེན་དུ་རྣམ་དཔྱོད་ཀྱི་རྣོ་ངར་ལས་བསྐྲུན་པའི་དོན་དམ་གྱི་ནུས་སྟོབས་དང་འཐབ་རྩོད་ཅིག་འབད་བརྩོན་གནང་བ་ཡིན་པ་ངོས་འཛིན་ཞུ་ཆོག
དེ་ཡང་བརྗོད་བྱའི་ནང་དོན་ཏེ། སྤྱིར་བོད་ཀྱི་བུད་མེད་ཀྱི་གནས་བབ་དང་། ཁྱད་པར་དུ་ཇོ་མོའི་ལས་དབང་དང་། ཡང་སྒོས་སུ་པད་མ་འོད་མཛེས་རང་ཉིད་དཔེ་ཟླར་བཟུང་སྟེ་བོན་གྱི་བཙུན་མའི་དཀའ་སྡུག་ཁྲོད་ཀྱི་བརྒྱུད་རིམ་དང་འབྲེལ་ཞིང་། ད་ལྟའི་གནས་བབ་དང་། ཁོར་ཡུག་སོགས་མཚོན་པའི་མྱོང་ཐོག་བདེན་གཏམ་གྱིས་དྲངས་པའི་དཔྱད་དེབ་ཅིག་རེད་འདུག་ཅེས་སྔོན་གླེང་གི་ཉིང་དགོས་སུ་མོལ་བར་འདོད།
ང་ཚོ་ཚང་མ་མངོན་མཐོའི་སྤྱི་ཚོགས་གྲལ་དུ་སླེབས་ཐུབ་དགོས་ན། གནའ་སྲོལ་བཟང་པོ་ཡར་རྒྱས་དང་རྒྱུན་གནས་ཐུབ་ཆེད་དེང་རབས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ནང་བསམ་པའི་དཔལ་ཡོན་དང་། ཕྱི་དངོས་པོའི་འཕེལ་རྒྱས་སོགས་མཉམ་དུ་སྐྱོད་ཐུབ་པ་ཞིག་ལ་གནའ་དེང་ཟུང་འབྲེལ་ཞེས་པའི་ཐ་སྙད་འཇུག་པ་ལས་ང་མཐོ་ཁྱོད་དམའ་དང་། ཕོ་མཆོག་མོ་དམན་སོགས་ཀྱིས་རྒྱལ་བའི་བཀའ་ལུང་ཡ་བྲལ་རེ་ཟུང་ཐོད་དུ་འཕྱར་ནས་ཕན་ཚུན་འབུར་འཇོམས་མགོ་རྡུང་དང་།
སྤྱི་ཚོགས་རྙིང་པའི་ལམ་ལུགས་ཟེར་ནས་ཤི་འཐམ་རོ་འཐམ་ལུང་ཆུང་ཁོལ་རྩེའི་ཁྲོམ་སྦལ་ལྟ་བུར་བྱས་ཚེ་གནའ་བཟང་རྒྱུན་སྐྱོང་དང་། དེང་རབས་སྤྱི་ཚོགས་གཉིས་ཀའི་རྗེས་སུ་ལུས་ཤིང་གསར་རྙིང་གང་གི་ལམ་སྣེ་ནས་ཟགས་ཤིང་མདུན་བསྐྱོད་བྱེད་མི་ཐུབ་པ་ནི་རང་སེམས་མནལ་དུ་ཕབ་ཚེ་གསལ་ལྷང་ངེར་སེམས་ངོགས་སུ་འཆར་ཐུབ་པ་ནི་ལྟ་ཅི་སྨོས།
དེར་བརྟེན་སྔ་བསམ་ཕྱིར་ནུད་ཀྱིས་སྐྱོན་ཆར་གཡོ་སྲོང་དང་། མ་འོངས་གདེང་སྤོབས་ཀྱིས་ལེགས་སྤེལ་ཉེན་འགོག་ཐོག་ནས་གུ་ཡངས་དང་འདྲ་མཉམ་གྱིས་མཉམ་སྐྱོད་བྱས་ཚེ་ད་གཟོད་རྗེས་ལུས་དང་བག་འཁུམས་ཀྱི་འཆིང་རྒྱ་ལས་གྲོལ་ཞིང་གཅིག་ཕན་གཅིག་གྲོགས་ཀྱིས་སྟོམས་ཤུགས་རང་དབང་སོགས་ཀྱི་སྡིངས་ཆའི་ཐོག་ཏུ་སླེབས་ཐུབ་ལ་འཇིག་རྟེན་མི་ཡི་རིན་ཐང་དང་རྣམ་དཔྱོད་ཀྱི་ལམ་བུ་ནས་བསྐྱོད་ཐུབ།
དེ་ལྟར་ཡོང་བར་བསམ་མནོའི་ནུས་སྟོབས་ལ་བརྟེན་ནས་རིམ་པས་མདུན་སྐྱོད་དང་། རྣམ་དཔྱོད་ཀྱི་ཤེས་ཡོན་ལ་བརྟེན་ནས་འགྲན་རྩོད་ཀྱིས་རྒྱལ་ཁ་ཐོབ་དགོས་པ་ནི་བརྗོད་ཅི་ལ་དགོས།
དེས་ན་ད་ལན་མདུན་སྐྱོད་ཀྱི་སྒོ་ཐེམ་རིང་མོ་ནས་གོམ་གང་མདུན་སྤོས་བྱས་ཏེ་བོད་མི་རིགས་སྤྱི་དང་། ཁྱད་པར་དུ་ཤི་མ་གསོན་གྱི་སྐེད་མཚམས་སུ་སླེབས་པའི་བོད་མིའི་བླ་སྲོག་སྐད་ཡིག་གཉིས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབས་ཆེད་མི་རེ་ངོ་རེས་རྩོམ་རིག་ལོ་རྒྱུས་སོགས་རྡོ་ཐོག་ཏུ་བརྐོ་མ་ཐུབ་ཀྱང་། ཤོག་ཐོག་ཏུ་འབྲི་ཐུབ་དགོས་པའི་འགན་འཁྲི་ཁུར་བཞེས་གནང་བ་དང་།
ཁྱད་པར་དུ་རང་ཉིད་བུད་མེད་དང་དེ་ལས་བཙུན་མའི་དཀའ་སྡུག་དང་ལས་དབང་གི་འོག་ནས་འཚར་ལོངས་བྱུང་བའི་མི་ཚེའི་ནང་དུ་བརྙས་བཅོས་དང་མཐོང་ཆུང་། ཁྱད་གསོད་དང་དམའ་འབེབས་སོགས་ཀྱི་འོག་ཏུ་”མིའི་སྙིང་རུས་ཉམས་ན་ལ་རྒྱ་འཆོར། རྟའི་ཤ་ཤེད་ཉམས་ན་བང་རྩལ་འཆོར་”ཟེར་བའི་དཔེ་ལས་བརྒལ་ཏེ་དཔའ་སྤོབས་གདེང་གསུམ་གྱི་ཐོག་ནས་རྣམ་དཔྱོད་དང་བློ་རྩལ་གྱིས་གསལ་བཤད་དང་ལན་འདེབས་བྱས་པར་ཡི་རངས་བསྔགས་བརྗོད་དང་བཅས་མུ་མཐུད་ནས་རྩོམ་རིག་གི་ཁ་ཕྱོགས་ཐང་ལྷོད་མེད་པར་བསྐྱོད་ཅིང་མི་རབས་གསར་པ་རྣམས་ལ་བྱ་མིག་ཡར་ལྟ་བྱེད་སའི་མིག་དཔེ་བཟང་པོ་ལས། ཁྱི་མིག་ཐུར་ལྟ་བྱེད་སའི་ངན་པ་ལངས་ཤོར་གྱི་དཔེ་རུ་མི་ཡོང་བའི་རྟིང་སྐུལ་གྱིས་རི་བོ་གངས་དཀར་ལྷུན་པོའི་འདབས་རོལ་གངས་ཅན་སྐྱིད་གཤོངས་ནས་སྔོན་དུ་གླེང་བའི་གཏམ་ཐུང་འདི་ཉིད་ལས་དོན་བྲེལ་མཚམས་ནས་སྟོང་མིན་ཙམ་དུ་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་མིང་འཛིན་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་མཇུག་རྫོགས་པའོ། །ཐ་ཚན་མུ་ཙུག་སྨར་རོ།།