༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཨ་རི་ USA དང་Costa Ricaརུ་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་དང་། བྱ་འཕུར་ཐེབ་རྩ་ཚོགས་པའི་དད་ལྡན་དགེ་ལས་ཐུན་མོང་གིས་དབང་ལུང་ཁྲིད་གསུམ་གྱི་ཟབ་གདམས་མན་ངག་བཀའ་དྲིན་སྐྱོང་བའི་གསོལ་འདེབས་ཇི་ལྟར་ཞུས་དོན་བཞིན་ཞལ་བཞེས་བཀའ་དྲིན་ཟབ་མོ་སྤྱི་བོར་ཐོབ་ཅིང་།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་  ༡ ནས་ཕྱི་ཟླ་ ༧ ཚེས་ ༧ བར་བྱང་ཨ་རི་དང་དཀྱིལ་ཨ་རིའི་ཕྱོགས་ཀྱི་ས་ཁུལ་འགར་ཆིབས་སྒྱུར་གྱིས་མཛད་འཕྲིན་སྐྱོང་བའི་དབུ་ཚུགས། 

ཕྱི་ཟླ་ ༦ ཚེས་ ༡ ནས་ ༩ བར་ཨ་རིའི་མངའ་སྡེ་ Califonia ཡི་གྲོང་ཁྱེར་ San Francisco རུ་རྟེན་གཞི་བྱས་པའི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་དགེ་སློབ་རྣམས་ལ་གཡས་རུའི་སྟོན་པ་བཅུ་པ་བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྫོགས་ཆེན་གྱི་བོན་སྡེ། “ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་”སྐོར་ལས་སྔོན་འགྲོ་བསགས་སྦྱོང་གི་རིམ་པ་དང་། དངོས་གཞི་གདམས་པའི་སྐོར། ཁྱད་པར་དུ་དངོས་གཞིའི་སྐོར་ལས་ཉིན་སྣང་མཚན་སྣང་གི་གདམས་པ་རིན་པོ་ཆེ་སྐུ་ཉིད་ཀྱི་ཉིན་རེའི་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་དང་སྦྲེལ་ནས་དམར་ཁྲིད་ཟབ་གདམས་ཀྱི་བཀའ་དྲིན་བསྐྱངས།

ཟླ་དེའི་ཚེས་༨ ཉིན་བླ་མེད་རྫོགས་པ་ཆེན་པོའི་བོན་སྐོར་དུས་རྒྱུན་ཉམས་ལེན་གནང་བཞིན་པ་ཁག་ཅིག་ལ་ཅུང་ཟད་གསང་རྒྱ་དང་བཅས་པའི་སྒོ་ནས་ཞང་ཞུང་མེ་རིའི་བཀའ་དབང་གནང་ཞིང་རྗེས་གཏང་རག་གི་ཚུལ་དུ་བོན་བསྟན་སྐྱོང་བའི་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་དང་རྒྱལ་སྨན་གཉིས་ལ་ཚོགས་མཆོད་རྒྱས་པ་ཞིག་ཕུལ་ནས་སྒྲུབ་པ་མཇུག་བསྡུས་མཛད།

ཟླ་དེའི་ཚེས་ ༩ ཉིན་ས་གནས་ཀྱི་བོན་འབངས་རྣམས་ལ་རིག་འཛིན་ཚེ་ཡི་རྒྱལ་པོ་བྱ་རི་མའི་བཀའ་དབང་གནང་ཞིང་། ཁྱད་པར་དུ་སྐབས་དེར་ཚེ་དབང་ཞུ་བར་བཅར་མཁན་མི་ལོ་ཉི་ཤུ་ལྷག་གི་གོང་ནས་གདན་ས་ཆེན་པོ་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་འཚོ་རྟེན་ཆེད་མཆོད་འབུལ་དང་། ད་ལྟའི་སྨན་རིའི་གསོ་རིག་འབུམ་བཞིའི་སློབ་ཆེན་གྱི་ཁང་རྩེགས་ཆེན་མོའི་སྦྱིན་བདག་ Tsetsun Darma འམ་ཡོངས་གྲགས་སུ་ Teacher Ho Lynn ལགས་སུ་དམིགས་བསལ་དུ་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་། དེ་བཞིན་རྒྱལ་གཤེན་བོན་ཚོགས་བརྒྱུད་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་བཙུན་དགོན་རདྣ་སྨན་གླིང་གི་བཀུར་འོས་དགེ་རྒན་རྣམས་ལ་ལོ་རེར་མཚན་མཐོང་ཕུལ་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

ཕྱི་ཟླ་ ༦ ཚེས་ ༡༤ ནས་བཟུང་སྟེ་བྱང་ཨ་རིའི་ཤར་ངོས་སུ་ཆིབས་བསྒྱུར་གནང་ཞིང་། ཐོག་མར་ Curnnaticut མངའ་སྡེ་ཡི་གྲོང་ཁྱེར་ Hartford རུ་ཉིན་གསུམ་རིང་སངས་རྒྱས་སྨན་གྱི་ལྷ་སྒྲུབ་པའི་ཚོགས་མགོན་དུ་དབུ་བཞུགས་གནང་ཞིང་ཉིན་མཐའ་མར་བཀའ་དབང་བཀའ་དྲིན་བསྩལ། སྤྱིར་སྒྲུབ་པ་འདིའང་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་བརྒྱུད་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ན་ཡང་། མཛད་རིམ་འདིའི་འགན་མང་པོ་ཞིག་རྒྱ་བལ་ཁུལ་གྱི་བོན་པོའི་དགོན་པ་འགའ་དང་བོན་གྱི་སློབ་ཕྲུག་མང་པོར་རོགས་སྐྱོར་གནང་མཁན་ཡོངས་གྲགས་སུ་ཨ་མ་ཆེ་རིས་སམ་ Cheri Brady ལགས་ཀྱིས་གནང་བ་ཡིན་པས་འདིར་ངོས་ཀྱིས་ཨ་མ་ཆེ་རིས་ལགས་ལ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

དེ་རྗེས་ཟླ་ ༦ ཚེས་ ༢༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་༧སྐྱབས་རྗེ་རིན་པོ་ཆེའི་ཡབ་གཞིས་ཕྱོགས་ཀྱི་དད་ལྡན་དག་གིས་གསོལ་འདེབས་ཇི་ལྟར་ཞུས་དོན་བཞིན་རིས་སུ་མ་མཆིས་པའི་བན་བོན་གཉིས་ཀའི་དད་ལྡན་རྣམས་ལ་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བསྩལ། བཀའ་དབང་གྲུབ་རྗེས་རིན་པོ་ཆེ་མཆོག་གིས་དད་ལྡན་རྣམས་ལ་ས་མཐོའི་ཡུལ་ལྗོངས་ད་ལྟའི་དོལ་པོའི་ལུང་པ་ནི་སྔར་ཞང་ཞུང་གི་མངའ་མངའ་ཁོངས་སུ་གཏོགས་པ་དང་། ཁྱད་པར་དུ་བོན་གྱི་རྫོགས་པ་ཆེན་པོའི་བླ་མའི་རྒྱུད་པ་མང་པོ་ཞིག་དོལ་པོ་རུ་འཁྲུངས་ཡོད་པས། དོལ་པོའི་ལུང་པ་ནི་བན་བོན་གཉིས་ཀའི་མཁས་པ་དང་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་མང་པོ་བྱོན་པའི་ས་གནས་ཁྱད་པར་ཅན་ཞིག་ཡིན་པ། ཁ་ཙམ་མ་ཡིན་པར་ཀུན་གྱིས་མིག་དཔེར་འོས་པའི་བན་བོན་རིས་མེད་ཀྱི་བསྟན་པ་དར་བའི་ཡུལ་ལུང་གལ་ཆེན་པོ་ཞིག་ཡིན་པའི་སྐོར་སོགས་ཀྱི་གསུང་བཤད་བསྩལ།

 ཕྱི་ཟླ་ ༦ ཚེས་ ༢༩ ནས་ ཕྱི་ཟླ་ ༧ ཚེས་ ༧ བར་དཀྱིལ་ཨ་རིའི་རྒྱལ་ཁབ་ཀོ་སི་ཏ་རི་ཀ་ Costa Rica རུ་གསར་འཛུགས་ཞུས་པའི་བོན་གྱི་སྒྲུབ་གནས་གསར་པར་རབ་གནས་བྱིན་རླབས་དང་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་འཁོར། དེ་བཞིན་ཉིན་ལྔའི་རིང་དེ་གའི་སྣོད་ལྡན་གྱི་སློབ་མ་འགར་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་ལུང་གནང་ཞིང་། སློབ་མ་རྣམས་ཀྱིས་ཉིན་ལྔའི་རིང་ངག་བསྡམ་མཚམས་གཅོད་བྱས་ཏེ་གཞི་ལྟ་བ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དང་། སྤྱོད་པ་བདེ་སྟོང་དབྱེར་མེད་རོ་གཅིག་པའི་ངང་ལ་གཞོལ་ཅི་ཐུབ་ཞུས། ས་གནས་དེར་སྒོམ་སྒྲུབ་མཚམས་བཅད་ཀྱི་མཛད་འཕྲིན་ལེགས་པར་གྲུབ་རྗེས་མཁའ་ལམ་བརྒྱུད་ནས་ཕྱིར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ཐོན་གནང་ཡོད་པ་བཅས་

 ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཨ་རི་དང་ཀོ་སི་ཏ་རི་ཀ་རུ་མཛད་འཕྲིན་བསྐྱངས་པའི་གནས་འཕྲིན་བསྡུས་པ་འདི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་དང་བྱ་འཕུར་འཐེབ་རྩ་ཚོགས་པའི་འགན་འཛིན་བྱ་འཕུར་དགེ་བཤེས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༥ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow