༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་གྱི་མཐུན་རྐྱེན་དུ་དམིགས་ནས་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།
དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར། དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ཟླ་ ༠༨ པའི་སྤྱི་ཚེས་ ༥ དང་། བོད་ཟླ་ ༦ པ་ཕྱི་མའི་ཚེས་ ༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥:༣༠ པའི་ཐོག ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བཤད་སྒྲུབ་མཁན་སློབ་གཉིས་རྣམ་པ་གཉིས་དང་བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༦ པ་ཕྱི་མའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།
དེ་ཡང་གཏམ་བཤད་པ་དང་པོ་རྫོགས་ཆེན་སློབ་གཉེར་བ་གཡུང་དྲུང་བསྟན་དར་ལགས་ཀྱིས་《སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་འདི་དར་ནུབ་སྐོར་རགས་ཙམ་གླེང་བ།》༡ ཡུལ་གང་ནས་རྒྱུད་ཚུལ་དང་། ༢ ཇི་ལྟར་ནུབ་པའི་ཚུལ། ༣ དུས་ནམ་ཞིག་ལ་དར་ཚུར་བཅས་སྡེ་ཚནགསུམ་གྱི་སྒོ་ནས་གཏམ་བཤད་གནང་རྗེས། ཚོགས་ཞུགས་པ་རྣམས་ནས་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་ཡོད་པ་རེད།
དེ་རྗེས་གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་《རིག་པའི་གནས་ལྔ་ལས་བཟོ་རིག་པའི་ནང་ཚན་རི་མོའི་སྒྱུ་རྩལ་》ཞེས་པའི་བརྗོད་གཞིའི་ཐོག ༡ གནའ་རབས་སྲོལ་རྒྱུན་གྱི་རི་མོ་དང་། ༢ དེང་དུས་ཀྱི་རི་མོའམ་མགྱོགས་བྲིས་གཉིས་ཀྱི་སྒོ་ནས་སྡེ་ཚན་དང་ས་བཅད་མི་ཉུང་བ་ཞིག་གི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང།
གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་གཉིས་པའི་སློབ་གཉེར་བ་སྐལ་བཟང་ཤེས་རབ་ལགས་ནས་བརྗོད་གཞི་《སྐྱབས་འགྲོའི་སྐོར་》ཞེས་པའི་ཐོག ༡ སྐྱབས་འགྲོའི་རྒྱུ། ༢ སྐྱབས་འགྲོའི་ངོ་བོ། ༣ སྐྱབས་འགྲོའི་དབྱེ་བ། ༤ སྐྱབས་འགྲོའི་རང་བཞིན། ༥ སྐྱབས་འགྲོའི་བསླབ་བྱ། ༦སྐྱབས་སུ་མ་སོང་བའི་སྐྱོན་དང་སོང་བའི་ཕན་ཡོན་བཅས་ཀྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང།
དེ་རྗེས་གཙོ་སྐྱོང་བ་རིག་གནས་འགན་འཛིན་གྱིས་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༤ པའི་རྒྱུན་ལས་དང་རིག་གནས་འགན་འཛིན་མཉམ་འབྲེལ་ཐོག་སློབ་གཉེར་བ་ནང་ཁུལ་གྱི་དཔྱད་རྩོམ་དང་། སྙན་རྩོམ། དཔོད་བྲིས་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་བྱ་དགའ་ཡོད་པའི་འགྲན་བསྡུར་གྱི་ལས་འཆར་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་ཞུས་མཐར།
ཕྱི་དྲོའི་དུས་ཚོད་ ༧:༠༠ ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༣
པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༨ །༥ ཉིན།