༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ ༢༠༢༤ ཟླ་ ༧ ཚེས་ ༢༩ ནས་ ཟླ་ ༡༠ ཚེས་ ༡ བར་བལ་ཡུལ་གློ་དོལ་མང་གསུམ་གཙོས་པའི་ཡུལ་གྲུ་ཁག་ལ་བསྟན་དོན་མཛད་འཕྲིན་བསྐྱངས་ཏེ་དེ་རིང་རང་དགོན་དུ་ཞབས་སོར་བཀོད་གནང་བ།

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དོལ་པོ་ཤེལ་ཕུ་སུམ་མདོའི་གཞུང་ཞབས་དབུ་ལས་ལྷན་རྒྱས་དང་དེ་བཞིན་བྱི་གཅེར་བསམ་གླིང་དགོན་དང་བྱི་གཅེར་༧བཀྲ་ཡུལ་བཀྲ་ཤིས་རྣམ་རྒྱལ་དགོན། གློ་བོ་༧གཤེན་བསྟན་མཐའ་རྒྱས་གླིང་གི་དབུ་འཛིན་གཙོས་དད་ལྡན་འབྲེལ་ཡོད་དུ་མ་ཞིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་འདི་ལོའི་སྤྱི་ཟླ་ ༨ པ་དང་ ༩ པའི་ནང་དོལ་པོའི་རྫོང་དུང་ཉལ་དང་། དེ་ནས་རིམ་གྱིས་མཚོ་ཡུལ་དང་བྱི་གཅེར། ཤེལ་རི་བོ་འབྲུག་སྒྲ། བན་ཚང་ཚྭ་དགའ་བཅས་བརྒྱུད་ནས་ཤར་ཕྱོགས་གློ་སྨད་གསང་སྟག་དང་འཕེན་ལགས་༧གཤེན་བསྟན་མཐའ་རྒྱས་དགོན་བཅས་སུ་ཕེབས་ཤིང་དད་ལྡན་མི་མང་གི་རེ་འདོད་ལྟར་དབང་ལུང་ཁྲིད་གསུམ་དང་། བཀའ་སློབ་ལམ་སྟོན་སོགས་ཀྱི་མཛད་རིམ་བསྐྱངས་གནང་བ་དང་། གཞན་ཡང་གློ་ཀླུ་བྲག་ཡུལ་དུ་ཡོད་པའི་ ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་དང་རྟོགས་ལྡན་དབོན་པོ་སོགས་ཀྱི་སྒྲུབ་གནས་ཁག་དང་། གློ་དོལ་མང་གསུམ་གྱི་ས་གནས་ཁག་ལ་ཡོད་པའི་དགོན་སྡེ་དང་སློབ་གྲྭ་གནས་རི་མཚོ་གསུམ་མང་དག་ལ་རབ་གནས་དང་གཟིགས་ཞིབ་གནང་ཞིང་། སྤྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡ ཉིན་ བལ་ཡུལ་རྒྱལ་གཤེན་དཔའ་བོ་རུ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་སྟེ་བལ་ཡུལ་གྱི་ས་གནས་ཁག་གཅིག་གི་མཛད་འཕྲིན་ལེགས་པར་གྲུབ་མཚམས།

དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ལྔ་ཉིན་རྒྱལ་ས་ལྡི་ལི་བརྒྱུད་རང་༸དགོན་གདན་ས་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།

དགོན་གྱི་ཉེ་འདབས་ solan གྲོང་ཁྱེར་གྱི་ Nik Bakers ཚིག་ཇ་ཁང་དུ། སྨན་རིའི་གྲྭ་ཚང་གི་སྐུ་ཚབས་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ། ཕྱི་དྲོའི་དུས་ཚོད་ ༤ པའི་ཐོག་རང་དགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། བོན་གཞིས་མང་ཚོགས་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དགེ་སློབ་དག་གིས་ཐོབ་རྒྱལ་ལ་འགོ་དང་འབུམ་བཞིའི་མཐོ་སློབ་གྱི་མདུན་ལམ་སོགས་ནས་ཕེབས་བསུའི་བསང་དུད་དང་བཅས་བསྟར་ཕྲེང་བསྒྲིགས་ཤིང་།

 སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་གཙོས་བླ་གྲྭ་འདུས་མང་ཡོངས་དང་། རཏྞ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན་གྱི་སློབ་མ། བཤད་སྡེའི་གཞི་རིམ་འཛིན་གྲྭ་བཅས་ནས་སེར་ཕྲེང་དང་རོལ་མོའི་མཆོད་པ་རྒྱ་ཆེན་གྱིས་བསུ་མ་ཞུས་ཤིང་།

ཚོགས་ཁང་ཆེན་མོའི་མདུན་སྒོར་སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་གྱི་མགུལ་དར་སྒྲོན་འབུལ་གནང་རྗེས་འདུས་མང་ནས་གཤེན་རབ་མཆོད་ལྔའི་རོལ་མོའི་དབྱངས་ཀྱི་མཆོད་པ་ལེགས་པར་ཕུལ།

དེ་རྗེས་༸སྐྱབས་རྗེ་མཆོག་སྨན་རིའི་ཚོགས་ཁང་ཆེན་མོར་གདན་ཞུས་ཁྲི་གསོལ་དང་མི་མང་ཡོངས་ཀྱིས་མཇལ་ཁ་གྲུབ་ཅིང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་འདུས་མང་ཡོངས་ལ། འགྱེད་མང་ཇ་དང་། སེར་སྐྱ་མི་མང་ལ་གསོལ་ཇ་དང་ཁ་ཟས་སོགས་གསོལ་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow