༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དམུ་བསུ་སྟངས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་བ།

དེ་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་ ༸ སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ལ་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ལྷན་ཚོགས་ཀྱི་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་འདུས་སྤྱི་ནས་ཇི་ལྟར་གསོལ་བ་འདེབས་པ་བཞིན་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནས་ཕྱག་བཏབས་གནང་བའི་༸དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་ཡོད་པ་རེད།

༢༠༢༤། ༠༩། ༡༡ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོ་དང་སྟབས་བསྟུན།  ༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་མཁན་པོ་ཁྲི་བཞེངས་ཀྱི་མཛད་སྒོ་རུ་གདན་ས་སྨན་རིའི་དགེ་བཤེས་སྒོ་རིགས་བསྟན་འཛིན་མཆོག་ལྡན་མཆོག་བླ་མ་མཆོད་པའི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྱིས་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་མཁན་པོ་རུ་ཁྲི་འདོན་མངའ་གསོལ་མཛད་ཡོད།

༢༠༢༤།༠༩།༡༢ ནས་བཟུང་ཉིན་འགྱང་གསུམ་རིང་ལ་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཕེབས་པའི་བླ་གྲྭ་དང་བཙུན་མ་རྣམས་གཙོས་གླུ་བྲག་ནས་ཕེབས་པའི་སྔགས་པ་རྣམ་པ། གཞན་ཡང་བལ་ཡུལ་དང་ས་གནས་འདྲ་མིན་ནས་ཕེབས་པའི་གྲྭ་བཙུན་སྔགས་གསུམ་མི་ཉུང་བ་ཞིག་འདུ་འཛོམས་ཀྱིས། འདུལ་་དུ་གྲྭ་བཙུན་རྣམས་ཀྱིས་རྣམ་ཀློང་སོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲང་ཡོད་པ་དང་། །གསང་སྔགས་སྔགས་འཆང་བའི་ཚོགས་རྣམས་ནས་སྒྲུབ་ཁང་དུ་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་ལ་མངའ་དབུལ་རབ་གནས་རྒྱས་པར་མཛད་ཡོད།

དེ་ཡང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་ ༸ སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ལ་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ལྷན་ཚོགས་ཀྱི་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་འདུས་སྤྱི་ནས་ཇི་ལྟར་གསོལ་བ་འདེབས་པ་བཞིན་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནས་ཕྱག་བཏབས་གནང་བའི་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་གནང་ཡོད་པ་དང་། དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་སྐུ་འཁོར་བཅས་ཉིན་དེར་དོལ་པོ་ཚ་དགའ་དམུ་ལུང་གསུམ་མདོ་དང་གསང་བདག་སོགས་བརྒྱུད་ནས་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པར་ཞབས་སོར་བདེ་བཀོད་གནང་ཡོད།  

༢༠༢༤ /༠༩/༡༧ ཉིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སྐུ་འཁོར་དང་བཅས་ཐད་ཕུར་གནམ་གྲུའི་བརྒྱུད་བལ་པོའི་རྒྱལ་ས་གཉིས་པ་པོ་ཁ་ར་ནས་རྫོང་གསར་པར་བདེ་མཚམས་ངང་ཕེབས་འབྱོར་བྱུང་ཞིང་།  རྫོང་གསར་པའི་གནམ་ཐང་དུ་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་ལས་སྣེ་རྣམས་གཙོས་གཞན་ཚོགས་པ་ཁག་དང་གློ་སྟོད་སྨད་གང་ས་ནས་ཕེབས་པའི་མི་མང་མང་པོས་ཕེབས་བསུ་དང་བཅས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པར་གདན་འདྲེན་ཞུས། དགོན་པར་ཕྱོགས་མཐའ་གང་ས་ནས་ཕེབས་པའི་བླ་གྲྭ་བཙུན་སྔགས་སོགས་མདོར་ན་སེར་སྐྱ་མི་མང་མང་པོས་སེར་ཕྲེང་བསྟར་བསྒྲིགས་ཀྱིས་གསས་ཁང་འོད་ཟེར་འབར་བའི་ནང་དུ་གདན་ཞུས་བྱས་ཅིང་། རིན་པོ་ཆེ་རྣམ་པ་གསེར་ཁྲིར་བཞུགས་སུ་གསོལ་མཐར་བླ་མ་མཆོད་པའི་སྒོ་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཏེ་སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་ཞུས། ཉིན་དེར་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་(གློ་བར་གུང་འཕན་ལག་)ལུང་པའི་མི་མང་ནས་ཕེབས་བསུ་ཟབ་རྒྱས་ཀྱིས་གདན་ཞུས་ཀྱིས་གུང་འཕེན་ལག་ཏུ་དམུ་བསུ་རིག་གཞུང་དང་ཤེས་ཡོན་ཚོགས་པའི་མཐུན་རྐྱེན་རོགས་སྐྱོར་འོག་བཞེངས་འཆར་ཡོད་པའི་སྨན་ཁང་ཀྱི་ཆེད་དུ་ས་བསླང་སོགས་ཀྱི་ཐུགས་རྗེས་གཟིགས་པ་མཛད་པ་དང་། གྲོང་སྡེའི་ཡུལ་དཔོན་(སུ་རན་རྡ་ར་)གཙོས་པའི་གྲོང་པ་འགའི་ནང་ལ་རབ་གནས་སོགས་བཀའ་དྲིན་བསྐྱངས་གནང་མཛད།

༢༠༢༤/ ༠༩/༡༨ ཉིན། ༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་ཚོགས་ཁང་ཆེན་མོའི་མདུན་དུ་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་སེར་སྐྱ་མི་མང་ཡོངས་འདུ་འཛོམས་ཀྱིས་གསང་གསོལ་བཏང་ཅིང་དར་ཆེན་བསྒྲེངས་ཏེ་ལྷ་རྒྱལ་གསོལ་བ་དང་།  བལ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་རྗེས།   ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་ཚོགས་ཁང་གི་རྒྱལ་སྒོ་ཆེན་མོའི་མདུན་གྱི་ཕྲེད་དར་གློད་དཀྲོལ་གནང་སྟེ་དམུ་བསུ་སྟངས་ཀྱི་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པ་དབུ་འབྱེད་གནང་། རིན་པོ་ཆེ་རྣམ་གཉིས་དང་བལ་གཞུང་གི་སྐུ་མགྲོན་གཅིག་བཅས་ནས།   སྟོན་པའི་མདུན་གྱི་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་ཞིང་ཀུན་གྱི་མགྲིན་གཅིག་ཏུ་སྟོན་པའི་རྒྱལ་པོ་གསུང་ཏེ་སྨོན་ལམ་གྱིས་རྒྱས་གདབས་པར་མཛད། དེ་རྗེས་༸རིན་པོ་ཆེ་རྣམ་པ་གཉིས་དང་། དགོན་པ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ་བླ་གྲྭ་རྣམ་པ། བལ་ཡུལ་གཞུང་གི་སྤྱི་འཐུས་དང་སྤྱི་འཐུས་ཟུར་པ་རྣམ་པ། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ། གྲོང་སྡེའི་ཚོགས་གཙོ་རྣམ་པ། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གང་ས་ནས་ཕེབས་པའི་སྦྱིན་བདག་རྣམ་པ། གློ་སྟོད་སྨད་བར་གསུམ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། མདོར་ན་ཕྱོགས་མཐའ་ཉེ་རིང་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་ཡོངས་ལ་ཕེབས་བསུའི་བཞུགས་སུ་གསོལ་མཐར། དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་པོ་ཁ་ར་རུ་གནས་སྡོད་མཐོ་སློབ་ཀྱི་སློབ་མ་རྣམས་ནས། ཕེབས་བསུའི་གླུ་གཞས་སྐལ་བཟང་ལགས་སོགས་ཕུལ།  དེ་རྗེས་དགོན་པའི་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་ལ་རབ་གནས་ཀྱི་ཆོག་གཞུང་མངའ་དབུལ་གཏེར་མཛོད་ཀྱི་སྒོ་ནས་མངའ་གསོལ་མཛད། དེ་ནས་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པ་དང་གཞན་དགོན་པ་ཁག་དང་ཚོགས་པ་ཁག་མི་མང་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོར་མང་ཇའི་མཆོད་སྤྲིན་རྒྱས་འབུལ་ཞུས་ཅིང་། མཁན་པོ་བསོད་རྒྱལ་མཆོག་དང་དགེ་བཤེས་བསོད་ནམས་རྣམ་གཉིས་ནས་བཀྲ་ཤིས་ཚིག་བཀྲ་གསུངས། དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བཀའ་སློབ་ཐུགས་རྗེ་བཀའ་དྲིན་བསྐྱངས་ཤིང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དགོན་པ་འདི་ཚང་མས་ཕྱར་གྲུ་མཉམ་འདེགས་བྱས་ཏེ་འཛིན་སྐྱོང་གནང་གལ་ཆེ་བ་དང་འདིར་བཞུགས་མི་མང་དང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱ་དགོས་པ་ཤིན་ཏུ་གལ་ཆེ་ཚུལ་སོགས་བཀའ་སློབ་བཀའ་དྲིན་བསྩལ།    དེ་རྗེས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་“དེང་སང་ལྷ་འཁྲུག་ལྷ་འཁྲུག་ཟེར་ན་མི་མང་འཕྲོད་ལ་འུར་ཟིང་ལང་བསྡད་པ་གོ་རྒྱུ་འདུག ཡེ་ཤེས་ཀྱི་ལྷ་ནི་བདག་གཞན་ཕྱོགས་རིས་ཐམས་ཅད་དང་བྲལ་བས་འཁྲུག་པ་ག་ལ་སྲིད། བསྟན་པ་སྐྱོང་བའི་སྲུང་མ་དག་ནི་སྔོན་བླ་མ་གོང་མ་ཁྱད་པར་ཅན་གྱི་མདུན་ནས་བཀའ་སྒོ་དམ་བཅའ་ཞུས་ཏེ་ད་ནས་བཟུང་སེམས་ཅན་ལ་གནོད་པ་མི་བྱེད་པའི་ཁས་བླངས་དང་བསྟན་པ་འཛིན་པའི་སྐྱེས་བུ་གང་ན་སུ་བཞུགས་ལ་ཕྱོགས་དང་རིས་མེད་པ་ཀུན་གྱི་སྡོང་དང་གྲོགས་སུ་བཞེངས་རྒྱུ་ཁས་བླངས་དམ་བཅའ་བྱས་པ་བསྐྱང་ཡིན་པས། དེ་དོན་དུག་ལྔ་ཁ་རག་པའི་རྐྱེན་པས་རང་རང་སོ་སོའི་སེམས་འཁྲུག་པ་ལས་ལྷ་འཁྲུག་པ་ག་ལ་ཡིན་” ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད།

 དེ་རྗེས་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ནས་དགོན་པ་འདིའི་བྱུང་རིམ་དང་འབྲེལ་བལ་སྐད་དང་དབྱིན་སྐད་ཐོག་ནས་གསུང་བཤད་རྒྱས་པ་གནང་མཐར། ༸རིན་པོ་ཆེ་རྣམ་པ་དབུས་པའི་མི་མང་ཡོངས་པག་གླིང་གི་སྤྱི་ཁང་ནང་ལ་ཕེབས་ནས་ཞལ་ལག་མཆོད་གྲུབ་མཚམས། གཞན་གནད་ཡོད་མི་སྣ་ནས་གསུང་བཤད་དང་། པོ་ཁ་ར་རུ་ཡོད་པའི་ཧི་མ་ལ་ཡི་བུ་ཁྱིམ་ཁང་གི་མཐོ་སློབ་ཀྱི་དགེ་སློབ་ཡོངས་དང་རྫོང་གསར་པར་ཡོད་པའི་ཧི་མ་ལ་ཡའི་བུ་ཁྱིམ་ཁང་གི་དགེ་སློབ་ཡོངས་ནས། དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་ལ་བཀའ་དྲིན་ཆེ་ཞུའི་གླུ་གཞས་དང་ཁོང་གི་འདྲ་པར་མཐོ་སློབ་ཀྱི་སློབ་ཕྲུག་རང་གིས་བྲིས་མ་ཞིག་འབུལ་ལམ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས། གཞན་ཡང་སློབ་ཕྲུག་ཚོ་ནས་རིག་གཞུང་འཁྲབ་སྟོན་དང་།དགོན་པར་སྐུ་དང་མཆོད་འབྲེལ་གནང་མཁན་རྣམས་ལ། ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་སོགས་གནང་སྟེ་ཉིན་དང་པོའི་མཛད་སྒོ་མཇུག་གྲུབ་པ་བྱས།

༢༠༢༤/༠༩/༡༩ ཉིན། ༧སྐྱབས་རྗེ་མཁན་སློབ་རྣམ་པ་གནས་ཆེན་ཆུ་མིག་བརྒྱ་རྩ་སོགས་ལ་གནས་མཇལ་ཕེབས་ཤིང་། ཞོགས་པ་ཆུ་ཚོད་བཅུ་པ་ཡས་མས་ནས་ ༸ ཞྭ་དཀརབསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མི་མང་དང་བླ་གྲྭ་སེར་སྐྱ་སྟོང་ཕྲག་མང་པོར་བརྒལ་བར་མཉམ་མེད་བླ་མ་སྒྲུབ་པའི་སྒོ་ནས་བཀའ་དབང་གནང་།  དེ་ནས་པག་གླིང་གི་སྤྱི་ཁང་དུ་ཕེབས་ཏེ་རིག་གཞུང་འཁྲབ་སྟོན་དང་གསུང་བཤད་བཅས་ཀྱི་ཉིན་གཉིས་པའི་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་གྲུབ།

 ༢༠༢༤།༠༩།༢༠ ཉིན། ༸རིན་པོ་ཆེ་རྣམ་པ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱིས་སྒྲུབ་གནས་བོན་ཡུལ་ཀླུ་བྲག་ཏུ་ཆེད་ཕེབས་ཀྱིས་ཀླུ་བྲག་མི་མང་ནས་རིན་པོ་ཆེ་རྣམ་པ་དབུས་པའི་བླ་གྲྭ་ཡོངས་དང་མི་མང་རྣམས་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཅིང་། ཀླུ་བྲག་ཏུ་དུ་ཡོད་པའི་ཉམས་ལེན་ཕུགས་པ་དང་ཀླུ་བྲག་ཡུལ་དགོན། སྒོམ་ཕུག་བཅས་སུ་ཕེབས་ནས་གནས་མཇལ་དང་ཀླུ་བྲག་ཕྱྭ་སྲས་ཀེང་ཙེའི་སློབ་གྲྭའི་བུ་ཁྱིམ་ཁང་སོགས་སུ་ཕེབས་ནས་དགེ་སློབ་ཡོངས་ལ་བཀའ་སློབ་དང་ཐུགས་རྗེས་བྱིན་གྱིས་བརླབ་པར་མཛད།

༢༠༢༤།༠༩།༢༡ ཉིན། ཞོགས་པ་ཀླུ་བྲག་མི་མང་གིས་སྐྱེལ་མ་དང་བསྒྲགས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་རྫོང་གསར་པ་དགོན་པར་ཕེབས་ཐོན་བྱུང་ཅིང་།  དེར་དགོན་པ་གནས་མཇལ་དང་བསྔོ་སྨོན་སོགས་གསུངས་རྗེས། ཁྲི་ནི་གསུམ་ཕུག་ཏུ་མཁན་པོ་བསོད་རྒྱལ་མཆོག་གི་བཞུགས་གནས་སུ་ཕེབས་ནས་མི་མང་ལ་མཇལ་ཁ་དང་ཐུགས་སྨོན་གསུངས་ཏེ་གསོལ་ཚིགས་གྲུབ་རྗེས། དེར་ཡོད་ཨ་ཡ་བླ་མའི་དགོན་པ་ལྷ་ཁྱིམ་དཀར་པོ་སོགས་སུ་ཕེབས་ཏེ་མཆོད་མཇལ་དང་། དེ་རྗེས་ཁྲི་ནི་བོན་དགོན་གཡུང་དྲུང་དགོན་པར་ཕེབས་ནས་སྐུ་ཚབ་རྟེན་ལྔ་དང་བོན་བླ་ཚུལ་ཁྲིམས་འོད་ཟེར་ཀྱི་གྲུབ་པའི་རྟགས་སུ་བྱོན་པ་དབུ་ཐོད་ལ་ནོར་བུ་དང་ཚེ་རིལ་ཨ་རང་བྱོན་ཡོད་པ་སོགས་ལ་གཟིགས་མཇལ་གནང་ཞིང་དགོན་པ་དང་ལུང་པ་སོགས་གནས་གཟིགས་མཛད། དེ་ནས་དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ཚོགས་པའི་རྫོང་གསར་པར་ཡོད་པའི་ཧི་མ་ལ་ཡི་བུ་ཁྱིམ་ཁང་དུ་ཕེབས་ནས་བུ་ཁྱིམ་ཁང་གི་དགེ་སློབ་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་། སློབ་ཕྲུག་ཚོར་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད། དགོང་མོར་རིན་པོ་ཆེ་མཆོག་ལ་སློབ་ཕྲུག་ཚོ་ནས།མཁའ་འགྲོ་གད་རྒྱངས་ཀྱི་གཅོད་སྤྱན་འབུལ་ཞུས་ཤིང་རྒྱལ་དགྱེས་པའི་མཆོད་སྤྲིན་དུ་གྱུར།

༢༠༢༤།༠༩།༢༡ཉིན། ༧སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སྐུ་འཁོར་གློ་སྨད་ནར་རྫོང་སོགས་སུ་ཕེབས་ཤིང་མི་མང་གིས་ཕེབས་བསུ་དང་བསྒྲགས། རིན་པོ་ཆེ་མཆོག་ནས་མི་མང་ལ་ཚེ་སྒྲུབ་ཀྱི་བཀའ་དབང་ཐུགས་རྗེས་བཀའ་དྲིན་བསྐྱངས་ཤིང་། དེ་རྗེས་ཉིན་དེར་རྫོང་གསར་པར་ཆིབས་བསྒྱུར་བསྐྱངས།

༢༠༢༤།༠༩།༢༢ ཉིན། ཞོགས་པ་ཆུ་ཚོད་དགུ་པའི་ཐོག་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སྐུ་འཁོར་ཐད་ཕུར་གནམ་གྲུའི་བརྒྱུད་པོ་ཁ་ར་བརྒྱུད་ནས་བྷ་འི་ར་བྷ་ཕྱོགས་སུ་ཕེབས་ཡོད་པ་བཅས་ ༸ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་རྣམ་པ་དམུ་བསུ་སྟངས་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་བསྟན་དོན་མཛད་པ་ལེགས་གྲུབ་བྱུང་ཡོད་པའི་གནས་ཚུལ་མདོར་བསྡུས་སུ། དགེ་བཤེས་ཆོས་འཕེལ་གྱིས་བྲིས།

མཆན། དྲྭ་ཚིགས་གཙོ་སྒྲུབ་པས་ངེད་དྲྭ་ཚིགས་ཀྱི་ལམ་ལུགས་ལྟར་གྱི་ཚིག་རེ་འགའ་སྣོན་འཕྲི་བྱས་ཡོད།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow