༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྤྱི་ལོ་ ༡༩༩༧ ལོར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཉེར་ལེན་ལས་གཡས་རུ་དབེན་ས་ཁའི་ཕྱག་སྲོལ་བཞིན་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་འདི་ཉིད་དབུ་འཛུགས་གནང་ཞིང་ལོ་རེའི་བོད་ཟླ་དགུ་པར་འཆར་ཅན་ལྟར་གཡས་རུའི་འཆད་བརྩོད་ཆེན་མོ་ཞེས་
བོན་གྱི་འདུས་སྡེ་ཆེན་མོ་གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་ ༨ པ་བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་“ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་”ཀྱི་གཞུང་དོན་ལ་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ། དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་དམིགས་བསལ་འཆད་རྩོད་གནང་སྲོལ་ཡོད་པ་བཞིན། འདི་ལོ་སྟེ་དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ ཁྲོ་མོ་ཞེས་པ་བོད་ཤིང་འབྲུག་ལོའི་བོད་ཟླ་ ༩ པའི་ཚེས་གཅིག་སྤྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢ ཉིན་སྐབས་ ༤༥ པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་དགེ་བསྐོས་གཉིས་ཀྱིས་སློབ་གཉེར་བ་རྣམས་གླིང་སྟོད་སྨད་གཉིས་སུ་ཕྱེས་ཏེ་གཡས་རུའི་འཆད་བརྩོད་ཆེན་མོ་དབུ་གནང་སོང་།
དེ་ཡང་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་སློབ་གཉེར་བ་རྣམ་ནས་དམིགས་བསལ་སྐབས་བབ་“ཚད་མ་ཀུན་བཏུས་”ཀྱི་གཞུང་དང་དེ་འབྲེལ་དཔེ་ཆག་དག་ལ་ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་གི་ཡོད་པ་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་ཀྱིས་དཔེ་ཁྲིད་ཀྱི་ཐུགས་འགན་བཞེས་ཤིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གཙོས་བཤད་སྒྲུབ་རྒན་ལགས་རྣམ་པ་དང་། རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་རྩོད་པའི་དཔང་པོར་བཞུགས་ཏེ། བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱིས། མཁས་པའི་བྱ་བ་རྣམ་པ་གསུམ་ལས་རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ། བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་དགོས་པ་དང་། དེ་ཡང་མཐའ་མའི་བདུན་ཕྲག་གི་ཐུག་ཚར་མཚམས་ལོ་གཅིག་གི་གཡས་རུའི་འཆད་རྩོད་ཆེན་མོའི་རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་དང་།
ཟླ་མཇུག་ཏུ་འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་གནང་ཞིང་། དེ་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་གདན་ཞུས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་གྱི་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་མཚམས་རིན་པོ་ཆེ་མཆོག་ནས་ཤོག་བུའི་ནང་གསལ་གྱི་རྒྱུགས་གཞི་སྒྲོག་སྦྱོང་གནང་བ་དང་། རྒྱན་ཤོག་ལས་ཇི་ལྟར་གསལ་བ་བཞིན་རྣམ་དཔྱོད་འཕྲུལ་གྱི་བརྡར་ཤ་ལེགས་པར་བཅད་དེ།
༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་ཆེན་མོ་མཇུག་འགྲུབ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་ལས་ཁང་ནས།