༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་གྱི་མཐུན་རྐྱེན་དང་སློབ་སྦྱོང་ཡར་སྐུལ་གྱི་ཆ་རྐྱེན་དུ་དམིགས་ནས་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།
དེ་ཡང་ཚོགས་ཐེངས་རེར་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལགས་ཀྱང་ཟླ་བ་འདིར་དམིགས་བསལ་གཏམ་བཤད་པ་གཉིས་ཀྱིས་གཏམ་བཤད་གནང་ཡོད།
དེ་ཡང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ཟླ ༡༢ པའི་སྤྱི་ཚེས་ ༣ དང་། བོད་ཟླ་ ༡༠ པའི་ ༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ པའི་ཐོག ༸ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་དང་བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡༠ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།
གཏམ་བཤད་པ་དང་པོ་གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་བསྟན་པ་མཆོག་ལྡན་ལགས་ཀྱིས་<<རྡུལ་གྱིས་གྲུབ་པའི་འཇིག་རྟེན་གྱི་སྣང་བའི་སྐོར་གླེང་བ་>>ཞེས་པའི་བརྗོད་གཞིའི་ཐོག ༡ རྡུལ་གྲུབ་པའི་སྣང་བ་ཕྲ་རགས་ཀྱེ་དབྱེ་འབྱེད། ༢ ལུགས་གཉིས་ཀྱི་རྡུལ་གྱི་རྣམ་གྲངས་ཀྱི་ཁྱད་པར། ༣ རྡུལ་རྣམས་ཀྱི་གནས་ཚུལ་འདོད་སྟངས་བཅས་ཀྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང།
ས་ལམ་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཕུན་ཚོགས་ལགས་ནས་གཏམ་བཤད་གནང་བཞིན་པ།
གཏམ་བཤད་པ་གཉིས་པ་ས་ལམ་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཕུན་ཚོགས་ལགས་ནས་བརྗོད་གཞི་《 ང་ཚོས་མི་ཚེ་མདུན་སྐྱོད་བྱེད་ཐབས་ཀྱི་ཐབས་ལམ་གླེང་བ་》ཞེས་པའི་ཐོག དགོས་པ་དང་བྱེད་ལས་གང་ཞིག་དགོས་མིན། གཞན་ཡང་དམིགས་ཡུལ་ངེས་གཏན་གྱིས་བརྩོན་པ་བྱེད་དགོས་སྐོར། འཕྲོད་བསྟེན་དང་འབྲེལ་ནས་རང་རང་གི་བྱ་སྤྱོད་ཡར་རྒྱས་བཏང་ཕྱོགས་སོགས་ཀྱི་སྒོ་ནས་གཏམ་བཤད་སྐར་མ་བཅོ་ལྔར་གནང་མཚམས་དྲི་བ་དྲིས་ལན་སྐར་མ་ ༡༥ གནང་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༥ པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༡༢ ། ༣ ཉིན།