ཉེ་ཆར་བོད་གངས་ཅན་ལྗོངས་ཀྱི་སའི་ཆར་ལ་སྟོད་དིང་རི་རྫོང་གཙོས་པའི་དེའི་ཉེ་འཁོར་གྱི་ས་གནས་མང་པོ་ཞིག་ལ་ཕྱི་ལོ་ ༢༠༢༥ ཟླ་༠༡ ཚེས ༧ ཉིན་ས་ཡོམ་གྱི་རྐྱེན་པས་གོད་ཆག་བྱུང་བར་རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
ཐུགས་གསོ།
རང་བྱུང་འབྱུང་བའི་འཇིག་པ་ནི་སུ་ཞིག་གིས་ཀྱང་སྔོན་དཔག་མི་ཐུབ་ཅིང་བཟློག་པར་ནུས་པ་ཞིག་མིན། དེས་ན་འཇིག་རྟེན་གྱི་ཁམས་འདིར་ཆེས་འཇིགས་སུ་རུང་པའི་གོད་ཆག་ཚབ་ཆེ་ཤོས་ནི་འབྱུང་བའི་འཇིག་པ་དག་ལས་འབྱུང་བར་ངེས། དེ་ལྟར་ན་ད་ལམ་བོད་གངས་ཅན་ལྗོངས་ཀྱི་སའི་ཆར་ལ་སྟོད་དིང་རི་རྫོང་གཙོས་པའི་དེའི་ཉེ་འཁོར་གྱི་ས་གནས་མང་པོ་ཞིག་ལ་ཕྱི་ལོ་ ༢༠༢༥ ཟླ་༠༡ ཚེས ༧ ཉིན་ས་གཡོས་ཆེན་པོ་ཞིག་བྱུང་བའི་འོག རང་རིགས་སྤུན་ཟླ་བརྒྱ་ཕྲག་ལྷག་འདས་གྲོངས་དང་བཅུ་ཕྲག་མང་པོར་རྨས་སྐྱོན། མཁར་ཁང་བརྒྱ་ཕྲག་བརྒལ་བ་གཏོར་བཤིག མདོར་ན་མི་རྒྱུ་ཟོག་གསུམ་ལ་ཤིན་ཏུ་ནས་ཡིད་སྐྱོ་བའི་གནོད་འཚེ་ཚབས་ཆེན་བྱུང་བར།
འདི་ག་གཡུང་དྲུང་བོན་གྱི་༧གདན་ས་སྨན་རིའི་དགོན་དང༌། བཙུན་དགོན་རད་ན་སྨན་གླིང་བཅས་དགེ་བཙུན་མང་ཚོགས་ནས་འདས་གསོན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་ཞུས་དང་ཞུ་བཞིན་པར་མ་ཟད། ངོས་ནས་ཀྱང་ཚེ་འདས་རྣམས་བར་དོའི་འཇིགས་པ་ལས་བྲལ་ཏེ། མངོན་མཐོ་ལྷ་མིའི་དལ་རྟེན་རིམ་བརྒྱུད། མཐར་ཐུག་རྫོགས་བྱང་རིན་པོ་ཆེ་མྱུར་དུ་ཐོབ་པའི་ཐེག་པ་ཆེན་པོའི་བསྔོ་སྨོན་ཞུ་བ་དང་འབྲེལ། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་དང་། རྗེས་ལུས་ནང་མི་གཉེན་ཉེ་བཅས་ལ་ཐུགས་གསོའི་འཚམས་འདྲི་དང་། ལུས་སེམས་སྡུག་བསྔལ་གྱིས་མནར་བ་ཁྱེད་རྣམས་མྱུར་ནས་ མྱུར་དུ། སྔར་བཞིན་ཞི་བདེ་དང་ཚེ་རིང་ནད་མེད། བར་ཆོད་མཐའ་དག་ཞི་ཕྱིར། སྐྱབས་དང་མགོན་དུ་གྱུར་བའི་ཡུལ་མཆོག་དམ་པ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད་པ་བཅས།
ཕྱི་ལོ་༢༠༢༥ ཟླ་༠༡ཚེས་༠༨ ལ།
༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པས