གནས་ཚུལ་འབྲི་བ་པོ། ཟླ་བ་བསྟན་འཛིན།
དེ་ཡང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་དགོངས་ལྟར། ད་ལན་སྐབས་གསུམ་པའི་རྩ་རླུང་ཞག་བརྒྱར་བརྩོན་མཁན་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་བ་གྲངས་བརྒྱད་ཡོད་ཅིང་།
ཐོག་མར་ཞག་བརྒྱའི་སྟ་གོན་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་སྐུ་མདུན་ནས་རྩ་རླུང་ཞག་བརྒྱའི་རིང་དགོས་མཁོ་ཆེ་བའི་ལུང་རྒྱུན། ཞང་ཞུང་མེ་རིའི་སྒྲུབ་གཞུང་བླ་མ་མགོན་པོ་དབྱེར་མེད་ཀྱི་གཞུང་དང་། ༧ ཀུན་མཁྱེན་ཤར་རྫ་པའི་རྫོགས་ཆེན་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་། ལུས་སྦྱིན་མཁའ་འགྲོའི་གད་རྒྱང་། རྩ་རླུང་གསོལ་འདེབས། རྫོགས་ཆེན་སྐུ་གསུམ་རང་ཤར་ལས་སྐུ་གསུམ་བཅུད་ལེན་ཐར་པའི་རྒྱགས་ཕྱེའི་གཞུང་བཅས་ཀྱི་བརྒྱུད་པའི་ལྗགས་ལུང་ཞུས་པ་དང་། ད་ཐེངས་སྒྲུབ་གྲྭའི་རྒན་ལགས་༧སྨན་རིའི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་མཆོག་གི་དྲུང་ནས། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་དང་། ཡང་ཟབ་ནམ་མཁའ་མཛོད་ཆེན་ལས་སྙན་བརྒྱུད་རྩ་རླུང་འཁྲུལ་འཁོར། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་བོགས་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ། འཁྲུལ་འཁོར་བསྡུ་མ་གསེར་ཐུར་མ་བཅས་ལ་ཞལ་ཁྲིད་ཞུས་ཤིང་བདུན་གཉིས་རིང་ལ་སྦྱོང་བརྡར་ལེགས་པར་བྱས།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༨ དང་། བོད་ཤིང་ཕོ་འབྲུག་ལོའི་བོད་ཟླ་ ༩ ཚེས་ ༧ ཉིན་ཞོགས་པ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་མཁན་སློབ་རྣམ་གཉིས་དང་༧ སྒྲུབ་ཁང་དུ་མཇལ་ཁ་ཞུས་རྗེས་༧སྨན་རིའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་བསྙེན་སྒྲུབ་ཀྱི་མཆོད་བཟོ་དཀྱིལ་འཁོར་བཅའ་བཀོད་སྔོན་འགྲོ་དག་གཙང་ལེགས་པར་གྲུབ་རྗེས། ཉིན་རྒྱབ་ནས་ཞང་ཞུང་མེ་རིའི་སྒྲུབ་གཞུང་བླ་མ་མགོན་པོ་དབྱེར་མེད་ཀྱི་གཞུང་དང་མཉམ་མེད་བླ་སྒྲུབ་གཉིས་སྦྲགས་ཏེ་སྒྲུབ་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ། ཕྱི་མཚམས་དང་ནང་མཚམས་བཅད་ནས་ཐོ་ཆེན་བཙུགས་ཏེ་ཡི་དམ་གྱི་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་སྒྲུབ་མཚམས་དམ་པོར་བཅད་དབུ་འཛུགས་གནང།


༼འཇམ་རླུང་ཟ་མ་ཏོག་བདུན་བཞིའམ་ཉིན་གྲངས་ཉེར་བརྒྱད་ཀྱི་ཉམས་ལེན།༽
ཕྱི་ཉིན་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ ཚེས་ ༩ དང་། བོད་ཟླ་ ༩ ཚེས་པའི་༨ ཉིན་གྱི་ཐོ་རེངས་ཚུ་ཚོད་ལྔ་པ་ནས་ཐོག་མར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གསོལ་འདེབས་ཏིང་འཛིན་དང་བཅས་པ་གསུངས། དེ་རྗེས་སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་བཅས་གྲུབ་ནས་འཇམ་རླུང་མགོ་བཙུགས།
དེ་ཡང་ཀུན་མཁྱེན་ཤར་རྫ་པའི་ཡང་ཟབ་ནམ་མཁའ་མཛོད་ཆེན་ལས་རྩ་རླུང་གནད་ཀྱི་ཞལ་ཤེས་ཀྱི་གཞུང་ལྟར་ལག་ལེན་གནང་སྟེ། རྫོགས་ཆེན་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་ལས་གསུངས་པ་བཞིན། ལུས་གནད་ཚང་སྟང་གི་གནད་བདུན་བྱས་སྟེ། ས་བཅད་གཉིས་པ་རླུང་གི་ཉམས་ལེན་དངོས་ལ་སྤྱིའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་གཉིས་ལས། དང་པོ་སྤྱིའི་སྔོན་འགྲོ་ལ། ལོངས་སྐུའི་སྟོང་ར་ལྷ་སྒོམ་པ་དང་། སྤྲུལ་སྐུའི་སྟོང་ར་རྩ་བསྐྱེད་པ་དང་། བོན་སྐུའི་སྟོང་རའི་ཐིག་ལེ་སྒོམ་པ་གསུམ་དང་རྩ་ལམ་སྦྱང་པ་གསུམ་ཚར་རྗེས། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལོངས་སྐུའི་སྟོང་རའི་ངང་ནས་སྲུང་གུར་དབུབ་པ། སྤྲུལ་སྐུའི་སྟོང་རའི་ངང་ནས་རླུང་དུག་བསལ་བ། བོན་སྐུའི་སྟོང་རའི་ངང་ནས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་པ་གསུམ་གྱི་རླུང་སྦྱོར་ཁག་གྲུབ་རྗེས། དངོས་གཞི་འཇམ་རླུང་ཟ་མ་ཏོག་ལ་དང་པོ་ལུས་གནད་ནི། རྩ་གསུམ་གཟིར་མནན་ནམ་རྐང་པ་གཡུང་དྲུང་སྐྱིལ་ཀྲུང་བཅའ་བ་སོགས་ལུས་གནད་དྲུག་པ་བྱས་ཏེ། དམིགས་པའི་གནད་རླུང་འཇུག་པ། རླུང་གནས་པ། རླུང་འབྱིན་པ་གསུམ་གྱི་རླུང་ཁུག་གི་རིམ་པ་ཉིན་རེར་ཐུན་བཞི་ལ་རླུང་ཁུག་པ་བདུན་བདུན་བསྣན་པའི་མཐར་རླུང་ཁུག་བརྒྱ་དང་བརྒྱད་ཁ་གང་བར་ཞག་བདུན་གཉིས་བཅུ་བཞིར་ཉམས་སུ་བླངས། དེ་རྗེས་སེམས་མ་བཅོས་པའི་ངང་ཅུང་ཟད་གྲུབ་མཚམས་སུ། མ་རྒྱུད་ཀྱི་སྨོན་ལམ་དང་བདེར་གཤེགས་སྤྱན་དྲངས་སོགས་ཀྱི་བསྔོ་སྨོན་གྱིས་མཇུག་གྲུབ་པར་བྱས། དེ་ལྟར་བདུན་གཉིས་ལ་འབད། བདུན་གཉིས་པའོ། འདིའི་སྐབས་འཁྲུལ་འཁོར་མི་དགོས། དེ་ནས་བདུན་གསུམ་པ་སྟེ་ཞག་བཅོ་ལྔ་པའི་ནངས་མོར་སྔར་ལྟར། ཐོར་ཐུན་ལ་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་བཏོན་ནས་སྤྱིའི་སྔོན་འགྲོ་དང་ཁྱད་པར་གྱི་སྔོན་འགྲོ་དང་འཇམ་རླུང་སོགས་གྲུབ་མཐར། ལུས་སྦྱོང་འཁྲུལ་འཁོར་བྱ་དགོས་ཏེ། རྩ་རླུང་གནད་ཀྱི་ཞལ་ཤེས་ལས། ཞང་ཞུང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་ལས་ཐོར་ཐུན་སྐབས་ལུས་སྦྱང་ལྔ་པའམ་སྔོན་འགྲོའི་འཁྲུལ་འཁོར་ལྔ་དང་སྔ་ཐུན་གྱི་རྗེས་སུ་གདམས་པ་རིན་པོ་ཆེ་ཨ་ཁྲིད་གགས་སེལ་འཁྲུལ་འཁོར་བཅོ་ལྔ་པ་འམ་རྫོགས་ཆེན་སྐུ་གསུམ་རང་ཤར་ལས་གསུངས་པ་ལྟར་འཁྲུལ་འཁོར་བསྡུ་མ་བཅོ་ལྔ་པ་བྱས། དེ་བཞིན་ཕྱི་ཐུན་ལ་སྙན་རྒྱུད་དང་། སྲོད་ཐུན་ལ་ཨ་ཁྲིད་འཁྲུལ་འཁོར་བཅོ་ལྔ་པ་གཉིས་ཐུན་བཞི་ལ་རེས་མོས་སུ་བདུན་གཅིག་ལ་བྱས། བདུན་གསུམ་པའོ། ཉིན་ཉེར་གཅིག་པ་རྫོགས་སོ། བདུན་བཞི་པ་ཉིན་ཉེར་གཉིས་པའི་ཐོར་ཐུན་ལ་རླུང་ཁུག་བརྒྱ་རྩ་བརྒྱད་ཟིན་ནས་སྙན་བརྒྱུད་ཀྱི་ལུས་སྦྱོང་ལྔའི་སྟེང་དུ། ཞེ་སྡང་གྱད་ཀྱི་ཐོ་བརྡེག་ལ་སོགས་རྩ་བའི་འཁྲུལ་འཁོར་དྲུག་ཁ་སྣོན་བྱས། དེ་ནས་སྔ་ཐུན་ལ་ཨ་ཁྲིད་ཀྱི་འཁྲུལ་འཁོར་བཅོ་ལྔ་པ་དོར་ནས་ཨ་ཁྲིད་ཀྱི་འཁྲུལ་འཁོར་བཞི་བཅུ་པ་ལས་དང་པོ་མདའ་འཕེན་གཞུ་འགེང་ལ་སོགས་སྟོད་སྦྱང་བདུན་བྱས། དེ་བཞིན་ཕྱི་ཐུན་ལ་སྙན་རྒྱུད་དང་། སྲོད་ཐུན་ལ་ཨ་ཁྲིད་ཀྱི་འཁྲུལ་འཁོར་གཉིས་ཐུན་བཞི་ལ་རེས་མོས་སུ་བདུན་གཅིག་རིང་ཉམས་སུ་བླངས། བདུན་བཞི་པའོ། ཉིན་ཉེར་བརྒྱད་པ་རྫོགས་སོ། ཐོར་ཐུན་མགོ་ལ་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་བཏོན་ནས་དབུ་བཟུང་། སྔ་ཐུན་དང་། ཕྱི་ཐུན། སྲོད་ཐུན་བཅས་ལ་ཀུན་བཟང་ཐུགས་སྤྲུལ་གྱི་དབུ་བཟུང་པའོ། དེ་དག་ཐུན་མཇུག་ཏུ་མཉམ་བཞག་དང་མ་རྒྱུད་སྨོན་ལམ། བདེར་གཤེགས་སྤྱན་དྲངས་སོགས་ཐུན་སྤྱིར་ལ་རིགས་འགྲེས། ཉིན་རེར་ཐོར་ཐུན་མཇུག་ཏུ་བསང་དང་། སྔར་ཐུན་མཇུག་ཏུ་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་ཚར་རེ་དང་བསྙེན་འཛབ་བསགས་སྦྱངས། སྲོད་ཐུན་མཇུག་ཏུ་བཀའ་སྐྱོང་བསྐུལ་བ་དང་སྨོན་ལམ་རྣམ་གསུམ་དང་། དགོང་མོར་རྗེ་བདག་ཉིད་ཆེན་པོས་མཛད་པའི་ཨ་དཀར་ཞི་གཅོད་སོགས་ཉིན་བཞིན་ཆག་མེད་དུ་བརྩོན་པའོ།

༼བར་རླུང་བུམ་པ་ཅན་བདུན་ལྔ་པའམ་ཉིན་གྲངས་སོ་ལྔའི་ཉམས་ལེན།༽
བོད་ཟླ་བཅུ་པའི་ཚེས། ༦ སྤྱི་ལོ་ ༢༠༢༤ ཟླ་བཅུ་གཉིས་ཀྱི་ཚེས་༧ སྟེ་རྩ་རླུང་ཞག་བརྒྱའི་བདུན་ལྔ་པའམ་ཉིན་གྲངས་༢༩ པ་སྟེ་བར་རླུང་བུམ་པ་ཅན་དབུ་བཟུང་། ནངས་མོར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་གྲུབ་རྗེས། སྔར་བཞིན་རྩ་རླུང་གནད་ཀྱི་ཞལ་ཤེས་ལག་ལེན་ལྟར། ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་ལྟར། བར་རླུང་བུམ་པ་ཅན་ལ་བཞི་སྟེ། དང་པོ་ལུས་གནད་ནི། གནད་དྲུག་པར། ལུས་གནད་འཁོར་ལོ་བཞི་སྦྱོར་བྱས། གཉིས་པ་རླུང་གནད་ལ། སྤྱིའི་སྔོན་འགྲོ་ལས་སྟོང་ར་སྒོམ་པ་གསུམ་དང་། ཁྱད་པར་གྱི་སྔོན་འགྲོ་ལས་མཚམས་བཅད་ཀྱི་རླུང་། ལོངས་སྐུའི་སྟོང་རའི་ངང་ནས་སྲུང་གུར་དབུབ་པ་དང་། སྤྲུལ་སྐུའི་སྟོང་རའི་ངང་ནས་རླུང་དུག་བསལ་བ། བོན་སྐུའི་སྟོང་རའི་ངང་ནས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་པའི་རླུང་གསུམ་ནི་འཇམ་རླུང་བར་རླུང་དྲག་རླུང་གསུམ་ག་ལ་རླུང་ཐུན་རེ་རེ་སྔོན་ཏུ་འགྲོ་དགོས་ཞེས་གསུངས་པ་ལྟར་བྱས། བར་རླུང་དང་དྲག་རླུང་སྐབས་རྩ་ལམ་སྦྱང་པ་གསུམ་མི་དགོས། གསུམ་པ་དམིགས་པའི་གནད་ནི། ཚངས་སྟངས་མེ་ཡི་དྲོད་སྤར་ཞིང་། ཐིག་ལེ་འབར་འཛག་བྱ་བ་བའོ་ཞེས་པ། ཡང་རྩེ་ལས་གསུངས་པ་ལྟར། རླུང་རྔུབ་པ་དང་། དགང་བ། གཞིལ་བ། འཕེན་པ་སོགས་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་ངང་ནས་རླུང་ཁུག་བརྒྱ་རྩ་བརྒྱད་ཟིན་པ་བྱས། བཞི་པ་འཁྲུལ་འཁོར་གྱི་གནད་ནི། ཐོར་ཐུན་ལ་སྙན་བརྒྱུད་ལྟར་སྔར་གྱི་འཁྲུལ་འཁོར་བཅུ་གཅིག་སྟེང་དུ། ངང་མོ་ཆུ་འཐུང་ལ་སོགས་རྩ་བའི་གེགས་སེལ་དྲུག་ཁ་སྣོན་བྱས། སྔ་ཐུན་སྐབས་ཨ་ཁྲིད་ལྟར་སྟོད་སྦྱོང་བདུན་གྱི་སྟེང་དུ་སྐེ་དཀྱོག་ལ་སོགས་མགོ་སྦྱང་དྲུག་བསྣན་ལ་བྱས། ཕྱི་ཐུན་ལའང་སྔར་བཞིན་སྙན་བརྒྱུད་འཁྲུལ་འཁོར་དང་སྲོད་ཐུན་ལ་ཨ་ཁྲིད་ལྟར་རེས་མོས་སུ་བདུན་གཅིག་ལ་བྱས། ཞག་བརྒྱའི་བདུན་ལྔ་པའམ་ཞག་སོ་ལྔ་པའོ། བདུན་དྲུག་པའམ་ཉིན་སོ་དྲུག་པའི་ནངས་མོའི་ཐོར་ཐུན་ལ་ཡང་། མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་། ཀུན་བཟང་ཐུགས་སྤྲུལ་གྲུབ་རྗེས། ལུས་གནད་དང་རླུང་གནད། དམིགས་པའི་གནད་རྣམས་སྔར་བཞིན་རླུང་ཁུག་གྲུབ་མཚམས། ཐོར་ཐུན་ལ་སྙན་བརྒྱུད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ། འབྱུང་བཞི་རང་འབེབ་ལ་སོགས་ཡན་ལག་གི་རྩ་བ་ལྔ་བསྣན་ལ་བྱས། སྔ་ཐུན་ལ་ཨ་ཁྲིད་ལྟར་སྔ་མ་རྣམས་ཀྱི་སྟེང་དུ་ཨ་ཙ་རྒྱབ་ཕྱག་ལ་སོགས་ལུས་སྦྱོང་བཅུ་གཅིག་བསྣན་ལ་བྱས། ཕྱི་ཐུན་དང་སྲོད་ཐུན་ལའང་སྙན་བརྒྱུད་དང་ཨ་ཁྲིད་རེས་མོས་སྔར་ལྟར་བྱས། དེ་ལ་བདུན་གཉིས་ཏེ་བདུན་བདུན་པའོ། ཉིན་གྲངས་ཞེ་དགུ་པ་རྫོགས་སོ།
དེ་ནས་བདུན་བརྒྱད་པའམ་ཉིན་ལྔ་བཅུ་པའི་ཐོར་ཐུན་ལ་སྙན་བརྒྱུད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ། ཁྱུང་ཆེན་གཤོག་རྡེབ་ལ་སོགས་ཡན་ལག་གི་གེགས་སེལ་ལྔ་དང་། མགོ་རིལ་མགོ་ལྕོག་ལ་སོགས་བྱེ་བྲག་གི་མགོ་ལུས་ཡན་ལག་སོ་སོའི་གེགས་སེལ་ལྔ་བཅས་བཅུ་བསྣན་ལ་བྱས། སྔ་ཐུན་ལ་ཨ་ཁྲིད་ཀྱི་སྔ་མ་དེ་དག་གི་སྟེང་དུ། ལྟག་བསྒྲིལ་ལ་སོགས་སྨད་སྦྱོང་དགུ་བསྣན་ལ་བྱས། ཕྱི་ཐུན་ལ་སྙན་བརྒྱུད་དང་སྲོད་ཐུན་ལ་ཨ་ཁྲིད་སྔར་བཞིན་ནོ། དེ་རྗེས་སེམས་མ་བཅོས་པ། མ་རྒྱུད་སྨོན་ལམ། བདེར་གཤེགས་སྤྱན་དྲངས་སོགས་སྔར་བཞིན་ནོ། དེ་དག་ལ་བདུན་གཉིས་བརྩོན་པའི་བདུན་དགུ་པའོ། ཉིན་གྲངས་དྲུག་ཅུ་རེ་གསུམ་པའམ་བར་རླུང་མཇུག་གྲུབ་པའོ། གཞན་ཞོགས་དགོང་བསང་དང་བཀའ་སྐྱོང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་གི་ཕྲིན་ལས། དགོང་མོར་ལུས་སྦྱིན་བཅས་ཀྱི་ཉམས་ལེན་སྔར་བཞིན་ནོ། །

༼དྲག་རླུང་མེ་དཔུང་མ་བདུན་ལྔ་དང་ཉིན་གྲངས་གཉིས་ཀྱི་ཉམས་ལེན།༽
སྤྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས། ༡༡ བོད་ཟླ་བཅུ་གཅིག་གི་ཚེས་བཅུ་གསུམ། བདུན་བཅུ་པའམ་རྩ་རླུང་ཞག་བརྒྱའི་ཉིན་གྲངས་རེ་བཞི་པ་སྟེ་དྲག་རླུང་དབུ་བཟུང་། ཉིན་དང་པོའི་ནངས་མོར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་ཀུན་བཟང་ཐུགས་སྤྲུལ་གྲུབ་རྗེས། སྔར་བཞིན་རྩ་རླུང་གནད་ཀྱི་ཞལ་ཤེས་ལག་ལེན་ལྟར། ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་ལྟར། དྲག་རླུང་མེ་དཔུང་མ་ལ་བཞི་སྟེ། དང་པོ་ལུས་གནད་ནི། རྫོགས་ཆེན་ཡང་རྩེ་ལས་གསུངས་པ་ལྟར་ལུས་སྦྱོང་དྲུག་བྱ་སྟེ། ཉི་ཟླ་མཁའ་ལ་གཏད། རོ་འཛིན་བཙོན་དུ་བཟུང་། རྒྱ་མཚོ་རི་རབ་ལ་གཅར། ཞགས་པ་གྱེན་དུ་འཐེན། སྲིན་ཞལ་དྲག་ཏུ་སྡོམ། གླིང་བཞི་མཐའ་ནས་བསྡུ་བ་དང་དྲུག་བྱས། གཉིས་པ་རླུང་གནད་ལ་རླུང་རོ་དགུ་ཕྲུག་སོགས་བར་རླུང་ལྟར་བྱས། གསུམ་པ་དམིགས་པའི་གནད་ལ། དེ་ཡང་རླུང་ཐུན་བཞིའི་ཉམས་ལེན་སྐབས་སུ། བར་རླུང་ལྟར་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་སྒོ་ནས་རླུང་ཁུག་བརྒྱ་རྩ་བརྒྱད་ཀྱིས་ཨ་ཤད་ཀྱི་མེ་ལྕེ་མས་ནས་སྤྱི་གཙུག་བར་རྩ་འཁོར་ལྔ་ལ་རིམ་པས་སྤར་ཞིང་ཐིག་ལེ་བཅུ་དྲུག་སྤྱི་བོ་ནས་གསང་གནས་བར་ཆ་བགོས་ཀྱིས་མར་ལ་ཕབ་རིང་དགའ་བཞི་རིམ་པར་སེམས་བཟུང་། དེ་ཡང་རླུང་ཁུག་བརྒྱད་ལ་ཨ་ཤད་ཀྱི་མེ་ཁོ་ན་ལ་དམིགས་པ་གཟིར་ཞིང་། དེ་ནས་བཅུས་གསང་བ་ཐབས་ཤེས་འཁོར་ལོ་མེས་གང་། བཅུས་ལྟེ་བ་སྤྲུལ་པའི་འཁོར་ལོ་མེས་གང་། བཅུས་ཐུགས་ཀ་བོན་གྱི་འཁོར་ལོ་མེས་གང་། བཅུས་མགྲིན་པ་ལོངས་སྤྱོད་འཁོར་ལོ་མེས་གང་། བཅུས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མེས་གང་བར་བསམ། དེ་ནས་སྤྱི་བོ་ཧོཾ་ལས་རླུང་ཁུག་བཅུས་ཐིག་ལེ་མང་དུ་ཞུ་ནས་སྤྱི་བོའི་རྩ་འཁོར་གང་། དེ་ནས་ཐིག་ལེ་བཅུ་དྲུག་སྤྱི་བོ་ནས་མགྲིན་པར་བབས་པ་ན། དགའ་བ་ལ་སེམས་གཟུང་ལ་རླུང་ཁུག་བཅུ། མགྲིན་པ་ནས་ཐིག་ལེ་བརྒྱད་སྙིང་གར་བབས་པ་ན་མཆོག་དགའ་ལ་སེམས་གཟུང་ལ་རླུང་ཁུག་བཅུ། སྙིང་ག་ནས་ཐིག་ལེ་བཞི་ལྟེ་བར་བབས་པ་ན་ཁྱད་པར་གྱི་དགའ་བ་ལ་སེམས་གཟུང་ལ་རླུང་ཁུག་བཅུ། ལྟེ་བ་ནས་ཐིག་ལེ་གཉིས་གསང་གནས་སུ་བབས་པ་ན་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང་ལ་རླུང་ཁུག་བཅུ་སྟེ་ཐུན་གཅིག་ལ་བརྒྱ་རྩ་བརྒྱད་དོ། བཞི་པ་བོགས་འདོན་འཁྲུལ་འཁོར་ལ། སྙན་བརྒྱུད་ལ་སྔར་གྱི་སྟེང་དུ་ཐུན་མོང་གི་གེགས་སེལ་འདུན་དང་། ཨ་ཁྲིད་ལའང་སྔར་གྱི་སྟེང་དུ་རྐང་སྦྱང་གི་འཁྲུལ་འཁོར་བདུན་བསྣན་ནས་ཉིན་ལྟར་ཐོར་ཐུན་དང་ཕྱི་ཐུན་གཉིས་ཀར་སྙན་རྒྱུད་ཀྱི་འཁྲུལ་འཁོར་སོ་དགུ་པ་ཆ་ཚང་རེ་དང་། སྔ་ཐུན་དང་སྲོད་ཐུན་གཉིས་ལའང་ཨ་ཁྲིད་ཀྱི་འཁྲུལ་འཁོར་བཞི་བཅུ་པ་ཆ་ཚང་རེ་བརྩོན་པ་བྱས། དེ་མིན་ཉིན་རེའི་ཉམས་ལེན་གྱི་རིམ་པ་གཞན་རྣམས་ཀྱང་འཇམ་རླུང་དང་བར་རླུང་གི་སྐབས་བཞིན་ཆག་མེད་དུ་བརྩོན་ཞིང་གྲུབ་པར་བྱས། དེ་ལྟར་དྲག་རླུང་བདུན་ལྔ་དང་ཞག་གཉིས་བྱས་པས་ཞག་བརྒྱ་ཚང་བར་བྱས་པའོ།


༼ཆུ་རས་སྐམ་ཚུལ།༽
སྤྱི་ལོ་༢༠༢༥ ཟླ་༢ ཚེས་༡༧ བོད་ཟླ་བཅུ་གཉིས་པའི་ཚེས་པ་ ༢༠ སྟེ་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གཞུང་ལས་གསུངས་པ་ལྟར་ལག་ལེན་གནང་སྟེ། སྔ་མོར་ཕྱག་ཚོད་བཞི་པ་ནས་ལྔ་པ་བར་ཁ་ཟས་མ་བསྟེན་གོང་ཐོར་ཐུན་རྗེས་སྙན་རྒྱུད་དང་ཨ་ཁྲིད་གཉིས་ཀའི་འཁྲུལ་འཁོར་ཆ་ཚང་པ་ཚར་གཅིག་བྱས་ནས་རླུང་ལྔ་རང་གནས་སུ་ཚུད་པར་བྱས། དེ་ནས་ཕྱག་ཚོད་ལྔ་དང་ཕྱེད་ཀའི་ཐོག་༸ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་ ༧ གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་གདན་ཞུས་ལྟར། ༧སྨན་རིའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་མདུན་ཐང་དུ་༧ མཁན་སློབ་ཉི་ཟླ་ཟུང་འབྲེལ་ བཀའ་དྲིན་ཆེད་ཕེབས་གནང་བ་དང་།
གཞན་ཡང་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་གཙོས་པའི་དགེ་བཤེས་རྣམས་དང་སྨན་རིའི་ཚོགས་ཆེན་དབུ་མཛད་བཅས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་དད་ལྡན་མང་ཚོགས་མི་ཉུང་བ་ཞིག་ལྷན་འཛོམས་ཐོག་ཚོགས་ཆེན་དབུ་མཛད་མཆོག་ནས་གསང་སྔགས་མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ་གྱི་འཕྲིན་ལས་དབུ་འཛུགས་གནང་ཞིང་། དེའི་རིང་ལམ་སྟོན་པ་དགེ་རྒན་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་མཆོག་གཙོས་དགེ་བཤེས་དང་སྒྲུབ་ཐོན་པ་འགའ་ཡིས་རྩ་རླུང་ཉམས་ལེན་པ་རྣམས་ལ་དྲོད་རྟགས་ཀྱི་རྟེན་འབྲེལ་བརྟག་པའི་ཆུ་རས་ཐེངས་གསུམ་རེར་གྲུབ་རྗེས་ཀུན་གྱིས་སྨོན་ལམ་གསུངས་ཤིང་མཇུག་ལེགས་པར་གྲུབ་བོ། དེ་ནས་རླུང་ཁུག་དང་འཁྲུལ་འཁོར་རྣམས་མར་དབབ་པའི་རིམ་པ་ཁག་ལ་ཉམས་ལེན་དུ་བརྩོན། དེ་རྗེས་བླ་མ་མགོན་པོ་དབྱེར་མེད་ཀྱི་བསྙེན་སྒྲུབ་དང་དང་རྩ་རླུང་ཞག་བརྒྱའི་ཉམས་ལེན་གྱི་རིམ་པ་རྣམས་མཐར་ལེགས་པར་གྲུབ་པའི་གཏང་རག་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་དང་མཉམ་མེད་བླ་སྒྲུབ་གཉིས་སྦྲགས་ཏེ་ཚོགས་མཆོད་རྒྱས་འབུལ་ཞུས། དེ་ནས་སྒོ་དབྱེ་སོགས་ཕྲིན་ལས་ཀྱི་རྗེས་བྱ་ཁག་རིམ་པར་སྐྱོང་སྟེ། མཐར་བཀྲ་ཤིས་དང་བསྔོ་སྨོན་བཅས་ཀྱིས་རྒྱན་ཏེ་མཇུག་ཡོངས་སུ་རྗོགས་པའོ། །དེ་རྗེས་རྩ་རླུང་ཉམས་ལེན་པ་རྣམས་༸སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལ་མཇལ་ཁ་ཞུས་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལེགས་གསོལ་བསྔགས་བརྗོད་དང་བྱིན་མདུད་བཅས་བསྩལ་པའོ། དེ་ཉིན་མཚན་མོ་ནས་བཅུད་ལེན་ལ་སྡོད་རྒྱུའི་སྟ་གོན་ཞུས།


༼བཅུད་ལེན་ཐར་བའི་རྒྱགས་ཕྱེ་ཉམས་སུ་བླངས་པ།༽
ཕྱི་ཉིན་དེ་ཡང་བཅུད་ལེན་གྱི་གདམས་པ་དམར་ལ་ཟབ་པ་དེ་ཉམས་སུ་ལེན་དགོས་པ་ལྟར། རྩ་རླུང་གཏུམ་མོའི་ཕན་ཡོན་ལས། བཅུད་ལེན་ནུས་པ་བསྐྱེད་པའི་བདུད་རྩི་ཟས། ཞེས་གསུངས་པ་ལྟར། རྩ་རླུང་གི་ཉམས་ལེན་ནི་བཅུད་ལེན་གྱི་ཟས་ཡིན་པར་བཞེད་ཡོད་པ་དེ་བཞིན། བཅུད་ལེན་ལ་ཡང་། སྐུ་གསུམ་བཅུད་ལེན་ཐར་བའི་རྒྱགས་ཕྱེ་ལས། སྐུ་གསུམ་གྱི་བཅུད་ལེན་རབ་འབྲིང་ཐ་དགུ་ཡོད་པ་སྟེ། རབ་བོན་སྐུའི་བཅུད་ལེན་གསུམ་ནི། རབ་རླུང་ཁོ་ན་ལ་བརྟེན་པ་དང་། འབྲིང་ཆུ་ལ་བརྟེན་པ། ཐ་མ་ཆུ་ཚ་ལ་བརྟེན་པ་དང་གསུམ། འབྲིང་རྫོགས་སྐུའི་བཅུད་ལེན་ལ་ཡང་རབ་སྨན་མཆོག་ལ་བརྟེན་པ་དང་། འབྲིང་རིལ་བུ་ལ་བརྟེན་པ། ཐ་མ་ཅོང་ཞི་ལ་བརྟེན་པ་དང་གསུམ། ཐ་མ་སྤྲུལ་སྐུའི་བཅུད་ལེན་ལ་ཡང་རབ་འོ་ཐུག་ལ་བརྟེན་པ་དང་། འབྲིང་ཟྭའུ་ལ་བརྟེན་པ། ཐ་མ་བག་རིལ་ལ་བརྟེན་པ་དང་གསུམ་གསུངས་པ་ལྟར། དེ་ཡང་བཅུད་ལེན་ཐར་བའི་རྒྱགས་ཕྱེ་ལས། སྔོན་འགྲོའི་ཆ་རྐྱེན་རྣམས་ཚང་བར་བྱས་ཏེ། བཅུད་ལེན་གྱི་རྫས་དང་བཅའ་ཀ་རྣམས་བསགས། ཚོགས་ཀྱི་འཁོར་ལོ་རྒྱས་པ་བསྐོར། མཚམས་དམ་དུ་བཅད། དེ་ནས་གཞུང་ལས་གསུངས་པ་ལྟར། སྒྲིབ་སྦྱང་ལ། སྔོན་འགྲོའི་སྒོམ་བཟླས་རྣམས་གྲུབ་ནས་དངོས་གཞི་ལྟར་ལུས་གནད་དང་། རླུང་གནད། དམིགས་པའི་གནད་རྣམས་བྱས་ནས་ཉིན་དང་པོར་བོན་སྐུའི་བཅུད་ལེན་རབ་རླུང་ཁོ་ན་ལ་བསྟེན་པ་བྱས། ཉིན་གཉིས་པར་འབྲིང་རྫོགས་སྐུའི་བཅུད་ལེན་རབ་སྨན་མཆོག་ལ་བསྟེན་པ་བྱས། ཉིན་གསུམ་པར་ཐ་མ་སྤྲུལ་སྐུའི་བཅུད་ལེན་རབ་འོ་ཐུག་ལ་བསྟེན་པ་བྱས། དེ་ལྟར་ཉིན་ཞག་བདུན་ལ་བྱས་ནས་ཕྱི་ཟླ་གཉིས་པའི་ཚེས་༢༡ ཉིན་གྱི་ཞོགས་པར་མཇུག་དགེ་བར་གྲུབ་པར་བྱས་པའོ། དགེ་ཚོགས་ཅི་མཆིས་མཁའ་མཉམ་འགྲོ་བ་ཡོངས་ལ་བསྔོའོ། །དགེའོ། །ཐ་ཚན་མུ་ཙུག་སྨར་རོ། །
བཀའ་དྲིན་ཆེ་ཞུ་ཡུལ།
འདི་ལྟར་ཉམས་ལེན་ཟབ་མོ་གྲུབ་པ་ནི་གཙོ་བོར་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་དགོངས་དང་ཐུགས་རྗེ་ལམ་སྟོན་ཉག་གཅིག་ལས་གྲུབ་པའོ། ཁྱད་པར་དུ་རང་དགོན་གྱི་འཛིན་སྐྱོང་ལས་ཁུངས་གཙོ་བོ་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་རྩ་རླུང་ཞག་བརྒྱར་མཐུན་རྐྱེན་སྦྱར་གནང་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྩ་རླུང་ཞག་བརྒྱའི་སློབ་སྟོན་དགེ་རྒན་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་མཆོག་དང་། དང་བླངས་མ་བྱན་དང་ལས་རོགས་རྣམས་དང་། མདོར་ན་ཞག་བརྒྱའི་རིང་ལ་རྒྱབ་སྐྱོར་དང་རོགས་འདེགས་ཆེ་ཕྲ་ཆུང་གསུམ་སྦྱར་གནང་མཁན་ཡོངས་ལ་ངེད་སྒྲུབ་བཞུགས་པ་ཀུན་གྱིས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བའོ།།
༧ སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཟླ་བ་བསྟན་འཛིན་ནས་གནས་བསྡུས་རེག་ཟིག་ཙམ་དུ་ཕྱི་ལོ་༢༠༢༥ ཟླ་༢ ཚེས་༢༡ ཉིན་བྲིས།