
༧གཤེན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་ནང་འཛིན་རིམ་གོ་རིམ་བཞིན་མི་གཉིས་རེ་ནས་བགྲོ་གླེང་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་སྐབས་སུ་བཤད་སྡེའི་སློབ་སྦྱོང་གི་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་ཟླ་རེར་ཚོགས་དགོས་པའི་གཏན་འབེབས་བྱས་ཤིང་། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོན་བྱས་ཐོག

བཀའ་རམས་པ་དགེ་ལེགས་ཉི་མ་ལགས་ནས་བགྲོ་གླེང་གཙོ་སྐྱོང་གནང་བཞིན་པ།
ཁ་སང་སྟེ་ཕྱི་ལོ་༢༠༢༥ལོའི་ཟླ་༦ཚེས་༦ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་བཅུ་བདུན་པའི་གཙོ་སྐྱོང་བ་བཀའ་རམས་པ་དགེ་ལེགས་ཉི་མ་ལགས་ནས་གནང་ཡོད་ཅིང་། དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྡེའི་མཚན་ཉིད་དགེ་རྒན་དང་། དགེ་བཤེས། སློབ་གཉེར་བ་ཚང་འཛོམས་ཐོག

བཀའ་རམས་པ་གཙུག་ཕུད་འོད་ཟེར་ལགས་ནས་གསུང་བཤད་གནང་བཞིན་པ།
འཛིན་གྲྭ་གོང་མའི་བཀའ་རམས་པ་གཙུག་ཕུད་འོད་ཟེར་ནས་༼ཐུགས་དམ་ཕྲེང་བའི་སྐོར་རགས་ཙམ་གླེང་བ།༽ཞེས་བརྗོད་གཞི་དང་འབྲེལ་གསུང་བཤད་གནང་ཡོད་པ་དང་།

རྫོགས་ཆེན་འཛིན་གྲྭའི་ཤེས་རབ་བསམ་གཏན་ལགས་ནས་གསུང་བཤད་གནང་བཞིན་པ།
འཛིན་རིམ་བཅུ་གཅིག་པ་ཤེས་རབ་བསམ་གཏན་ལགས་ནས་༼འདུལ་བ་རྒྱུད་དྲུག་ལས་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པའི་ལུང་དོན་རགས་ཙམ་གླེང་བ།༽ཞེས་པའི་སྐོར་ནས་གསུང་བཤད་གནང་།

ས་ལམ་འཛིན་གྲྭའི་བསྟན་འཛིན་དབང་ལྡན་ལགས་ནས་གསུང་བཤད་གནང་བཞིན་པ།
འཛིན་རིམ་བཞི་པ་བསྟན་འཛིན་དབང་ལྡན་ལགས་ནས་༼འཐུང་ཆུའི་གལ་གནད་སྐོར་ནས་རགས་ཙམ་གླེང་བ།༽ཞེས་པའི་བརྗོད་བྱའི་ཐོག་གཏམ་བཤད་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བསྡོམས་མི་རེ་ནས་ཆུ་ཚོད་ཕྱེད་ཀ་བཅས་བགྲོ་གླེང་གནང་ཡོད་པ་རེད།


དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་གཙུག་ཕུད་འོད་ཟེར་ལགས་ནས་ཕྲེང་བའི་མིང་གི་གོ་དོན་དང་། ཕྲེང་བའི་བྱུང་རིམ། ཕྲེང་བའི་དབྱེ་བ། ཕྲེང་བའི་གྲངས་ཚད། ཕྲེང་ཐག མདོ་འཛིན། འཛབ་བམ་གྲངས་འཛིན། ཕྲེང་བའི་བླང་དོར། ཕྲེང་བའི་དམ་ཚིག བགྲང་ལུགས། ཕན་ཡོན་བཅས་སྡེ་ཚན་བཅུ་གཅིག་ཏུ་བགོས་ནས་གསུང་བཤད་གནང་ཡོད་པ་རེད།



གཏམ་བཤད་པ་གཉིས་པ་རྫོགས་ཆེན་འཛིན་རིམ་བཅུ་གཅིག་པ་ཤེས་རབ་བསམ་གཏན་ལགས་ནས། འདུལ་བ་རྒྱུད་དྲུག་ལས་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པའི་ལུང་དོན་སྐོར་ནས། དགེ་བསྙེན་ལ་འདུལ་བ་དོན་གྱི་ཀུན་རྫོགས་དང་། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུ་ཕྲེང་བ་ལས་དགེ་བསྙེན་སྡོམ་པ་གཏན་ཁྲིམས་སྣ་ལྔ་སོགས། སྣ་གཅིག་དང་སྣ་འགའ། ཆེར་སྤངས། ཡོངས་རྫོགས། ཚངས་སྤྱོད་དགེ་བསྙེན་སོགས་ཞིབ་རྒྱས་སུ་བཀྲལ་བ་དང་། བསྙེན་གནས་ལའང་རྗེ་བཙུན་ཡར་མེ་བ་དང་གཤེན་སྟོན་ནམ་མཁའ། རྗེའི་རིན་པོ་ཆེ་བཅས་ཀྱི་དགོངས་བཞེད་འདུལ་བ་ཀུན་རྫོགས་དང་འདུལ་བ་མདོར་འདུས་གཉིས་ལས་བསྙེན་གནས་ཡན་ལག་བརྒྱད་དུ་བཤད་པའི་རྩ་བཞི་ཡན་ལག་དང་བཅས་པའི་དབྱེ་བ་དང་། དམ་པ་རི་ཁྲོད་པས་རྩ་བཞི་དང་ཁ་ཟས་སྡེ་བཞི་སྟེ་བརྒྱད་དུ་བཤད་པའི་དབྱེ་བའི་སྐོར་བཅས་དཔྱད་རྩོམ་སྒྲོག་སྦྱོང་སྐར་མ་བཅོ་ལྔ་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བཅས་གནང་ཡོད་པ་རེད།



གཏམ་བཤད་པ་བཞི་པ་ས་ལམ་འཛིན་གྲྭའི་སློབ་གཉེར་བ་བསྟན་འཛིན་དབང་ལྡན་ལགས་ནས་གོང་གསལ་གྱི་བརྗོད་གཞི་ལས།
༡ ད་ལྟའི་གནས་བབ་འཛམ་གླིང་དུ་འཐུང་ཆུ་མི་རེག་པའི་དཀའ་ངལ།
༢ འཛམ་གླིང་དུ་འཐུང་སྐམ་པའི་རྒྱུ་རྐྱེན།
༣ མི་གཅིག་གི་གཟུགས་པོར་ཉིན་གཅིག་ལ་འཐུང་ཆུ་ག་ཚོད་དགོས་མིན་གྱི་ཚད།



༤ ས་གནས་རང་དང་འབྲེལ་བའི་ཆུའི་དྭངས་སྙིགས་ཚད་འཇལ་གྱིས་གང་བེད་སྤྱོད་གཏོང་དགོས་མིན་སྐོར།
༥ རྒྱལ་སྤྱིའི་ཆུའི་གནས་བབ་ཀྱི་སྙན་ཐོ་ལས་རྒྱུག་ཆུ་སྐམ་པའི་རྒྱུ་རྐྱེན་གཅོ་བོ་དྲུག
༦ ཆུ་ཇི་ལྟར་ཉར་ཚགས་བྱེད་སྟངས་དང་བཅས་སྡེ་ཚན་དྲུག་ཏུ་དབྱེ་བགོས་ཀྱིས་གཏམ་བཤད་སྐར་མ་བཅོ་ལྔ་དང་དེ་འབྲེལ་གྱི་དྲི་བ་དྲི་ལན་སྐར་མ་བཅོ་ལྔ་བཅས་སྐབས་བོད་ཟླ་བཞི་བའི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

པར་པ། ཁྲི་སྐལ་བཟང་།