
བསླབ་གསུམ་བསྟན་པའི་བདག་ཉིད་༧ཡོངས་འཛིན་སྨྲ་བའི་དབང་པོ་ཉིད་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་། སྒོས་སུ་རྒྱལ་བ་གཤེན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་ཉམ་ང་ཉག་ཕྲའི་དུས་ནས་བཟུང་། བསྟན་པའི་འཁུར་ཆེན་བཞེས་ནས་རྒྱལ་གཤེན་བསྟན་པའི་དོན་དུ་སྐུ་ཚེ་ཧྲིལ་བོ་དགུང་ལོ་བརྒྱར་ཕེབས་ནས་བརྒྱ་སྟོན་སྐལ་བཟང་གི་བགོ་སྐལ་ཐོབ་མཚམས།


དེ་རིང་སྟེ་བོད་ཟླ་བཞི་པའི་ཚེས་༡༦དང་ཕྱི་ལོ་༢༠༢༥ལོའི་ཟླ་༦ཚེས་༡༢ཉིན་༧ ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པའི་གནས་ཚུལ་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགོན་གཞུང་ནས་གསལ་བསྒྲགས་སྤེལ་མཚམས།


གཤེན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་དག་གིས་རིན་པོ་ཆེ་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་པར་མཆོད་འབུལ་སྨོན་ལམ་གྱི་མཛད་རིམ་བཀའ་དགོངས་ལྷུག་པོར་བསྩལ་བ་དང་བསྟུན། གདན་ས་སྨན་རིའི་གྲྭ་ཚང་གི་ལས་སྣེ་ལྷན་རྒྱས་ནས་བཙུན་དགོན་རདྣ་སྨན་གླིང་དང་། བོན་གཞིས་མི་མང་། སམ་བྷོ་ཌའི་ཉིན་སློབ་ཀྱི་སློབ་དགེ། བོན་བུ་ཁྱིམ་ཁང་། བོན་ཕྲུག་བདེ་དོན་སོགས་གསལ་བསྒྲགས་སྔོན་ཚུད་ནས་བྱས་ཤིང་།


ཆུ་ཚོད་༧།༣༠སྟེང་འཆམ་རར་ཚང་འཛོམས་ཀྱིས་བླ་མ་མཆོད་པ་དང་། ཚེ་དབང་སྨོན་ལམ། སྐུ་ཞི་བར་གཤེགས་པ་༧ཡོངས་འཛིན་སྨྲ་བའི་དབང་པོ་ཉིད་ཀྱི་གསོལ་འདེབས་བཅས་སེར་སྐྱ་མི་མང་ཡོངས་ཀྱིས་དབྱངས་སུ་གྱེར་ནས་མཆོད་འབུལ་སྨོན་ལམ་ཞུས་ཡོད་པ་དང་།



སང་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་སྤྱི་དང་བཙུན་དགོན་རདྣ་སྨན་གླིང་། བོན་ཕྲུག་བདེ་དོན་བཅས་ནས་ཨ་སྙན་རྫོགས་གསུམ་གྱི་ཉིན་ཚོགས་བཅས་མཆོད་འབུལ་སྨོན་ལམ་མུ་མཐུད་ཞུ་རྒྱུ་ཡིན་པའི་གནས་བསྡུས་སུ།