
༄༅། ། སྤྱིར་གནམ་འོག་གི་གཤེན་བསྟན་བོན་འབངས་ཡོངས་དང་ལྷག་དོན་དུ་༸རྒྱལ་བ་མཉམ་མེད་ཆེན་པོའི་ བསྟན་པའི་རྒྱུད་འཛིན། ཡང་སྒོས་སུ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ལྷན་རྒྱས་ཀྱི་གསེར་སྙན་དུ་ཞུ་གསོལ།
ད་ལམ་འོ་སྐོལ་བོན་འབངས་ཡོངས་ལ་བཀའ་དྲིན་བླ་ན་མ་མཆིས་པ་སྟེ། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་ཀུན་ཏུ་རླབས་ཀྱིས་སྤོར་བའི་ངེས་དོན་བསྟན་པའི་བདག་ཉིད། བསླབ་གསུམ་བསྟན་པའི་མངའ་བདག་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་དེ་ནི་གཤེན་བསྟན་བོན་འབངས་ཡོངས་དང་ལྷག་པར་དུ༸དཔལ་གཤེན་བསྟན་སྨན་རིའི་འདུས་མང་དང་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་ལ་ཐེག་དཀའ་བའི་བློ་ཕམ་དང་གཡུང་དྲུང་བོན་གྱི་ཀ་ཆེན་ཞིག་འགྱེལ་སོང་བའི་གནས་སུ་གྱུར།
དེས་ན་ངེད་ཅག་བོན་ལུགས་འཛིན་པ་ཡོངས་ནས་སྐུ་ཞི་བར་གཤེགས་པ་༸སྐྱབས་རྗེ་དམ་པ་གང་ཉིད་ཀྱིས་རྒྱལ་གཤེན་བསྟན་པའི་མེ་རོ་གསོ་བའི་རླབས་ཆེན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རྣམས་ཡིད་ལ་བཅང་སྟེ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་མ་ལུས་ལྷུན་གྱིས་གྲུབ་ཕྱིར། རང་རེའི་གཡུང་དྲུང་བོན་ལུགས་འཛིན་པ་ཡོངས་ཀྱིས་ཐུགས་མཐུན་དམ་གཙང་ངང་གང་ནུས་ཅི་ལྕོགས་ཀྱིས་གསོལ་འདེབས་སྨོན་ལམ་དང་དགེ་སྒྲུབ་སྡིག་སྤོང་ཚུལ་བཞིན་གནང་རྒྱུ་ལས་གཞན་ཅི་ཡང་མ་མཆིས་སོ།

གཞན་ཡང་འདིར་དམིགས་སུ་བཀར་ནས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༸མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དབུས་པའི་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་འདུས་མང་ཡོངས་དང་འབྲེལ་ཡོད་ཚོགས་སྡེ་ཡོངས་ལ་༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་འདུས་སྤྱི་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུར་མ་ཟད། འདིར་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་སྤྱི་ཚེས་༡༢ ཉིན་ནས་དགོངས་རྫོགས་མཆོད་འབུལ་གང་རྒྱས་ཞུས་དང་ཞུ་མུས་ལགས་དང་ལྷག་པར་དགུང་ཞག་ཞེ་དགུའི་རིང་མུ་མཐུད་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་། བོན་འབངས་ཀུན་གྱིས་དགུང་ཞག་ཞེ་དགུའི་རིང་མུ་མཐུད་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་དང་བཅས།
༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་སྤྱི་ནས། ཕྱི་ལོ་ ༢༠༢༥ ཟླ་ ༠༦ ཚེས་ ༡༧ ལ་ཕུལ།