བདེ་བར་གཤེགས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་གདུང་ཞུགས་འབུལ། 

རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༦ པའི་ཚེས་པ་ ༡༢ དང་སྤྱི་ལོ་ ༢༠༢༥ ཟླ་ ༨ པའི་ཚེས་ ༦ ཉིན་གྱི་ཞོགས་པར་༧སྐྱབས་རྗེ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་གདུང་རིན་པོ་ཆེ་གཙུག་ལག་ཁང་གི་དབུ་རྩེ་བླ་བྲང་གཟིམ་ཆུང་ནས་༼རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་༽དུ་གདན་འདྲེན་ཞུས་རྗེས་ཞོགས་པ་ཕྱག་ཚོད་ ༦ དང་སྐར་མ་ ༣༠ ཐོག་སེར་སྐྱ་ཡོངས་ནས་སྐུ་གདུང་ཪིན་པོ་ཆེ་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་རྗེས་སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གཙོས་མཁན་སློབ་རྣམ་པས་སྤོས་འདྲེན་དང་བཅས་སྐུ་གདུང་རིན་པོ་ཆེ་སེར་ཕྲེང་གིས་གདན་དྲངས་ཏེ་གདུང་ཁང་དུ་བཤམས་གྲུབ་རྗེས། 

སྐུ་གདུང་ཞུགས་འབུལ་གྱི་ཆོ་གའི་དབུ་བཞུགས་སུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་དཔོན་སློབ་རྣམ་པ་གཉིས་གཙོས་བླ་གྲྭ་མཁན་སློབ་རྣམ་པ་དང་། གཞན་ཡང་རྒྱལ་ཕྱི་ནང་གི་དགོན་པ་དང་བོན་ཚོགས་ཁག་གི་མཁན་པོ་དང་དབུ་འཛིན། གཡུང་དྲུང་བོན་གྱི་སྤྱི་འཐུས་གཙོས་སྤྱི་འཐུས་རྣམ་པ་དང་གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་འགན་འཛིན་གཙོས་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་གདུང་ཁང་གི་མདུན་ཐང་དུ་གདན་འཛོམས་ཐོག གདུང་སྲེག་ཆོ་གའི་གཞུང་བསྲངས་ཏེ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་སྐུ་གསུམ་སྡོང་བུར་མེ་སྤར་གནང་ཞིང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུས་པ་དང་ཆབས་ཅིག གནམ་ལ་ཉི་གུར་གྱི་ཚོན་མདངས་རྣམ་པར་བཀྲ་ཞིང་། རང་གཞན་ཆོས་ལུགས་ཆོས་བརྒྱུད་རིས་སུ་མ་ཆད་པའི་སེར་སྐྱ་ཡོངས་བྱིན་རླབས་ཚན་ཁས་རྒྱུད་བརླན་པའི་ངེས་ཤེས་རྙེད་ཅིང་།

དེ་རྗེས་གཙུག་ལག་ཁང་གི་འོག་ཤོད་ཚོམས་ཁང་དུ་བླ་གྲྭ་མི་མང་ཚང་འཛོམས་ཐོག་རྩ་སྐྱོང་ལྷན་ཚོགས་ཀྱི་དྲུང་ཡིག་ནས་གཙོ་སྐྱོང་གནང་སྟེ་༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག་ནས་གདུང་མཆོད་ཀྱི་མཛད་རིམ་དང་འབྲེལ་དང་པོ་སྙུངས་གཞི་བཞེས་པ་ནས་བོད་ཕྱི་ནང་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་རྗེས་སྙུངས་གཞི་ཡག་ཏུ་སོང་བའི་གནས་སྟངས། རིམ་བཞིན་བརྒྱ་སྟོན་གྱི་མཛད་རིམ་དང་།

ཞིང་གཤེགས་དམ་པ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་ཉིན་རྒྱུན་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་གཞི་རང་འབྱུང་ཡེ་ཤེས་མཉམ་བཞེས་ཀྱིས་ལུས་སེམས་སྔར་ལས་སྐྱིད་པོ་ཕེབས་པའི་གསུང་གླེང་སོགས་མི་མང་རྣམས་ལ་བོད་དབྱིན་སྐད་གཉིས་ཀྱི་སྟེང་ནས་གསལ་བཤད་ཕྲ་ཞིབ་ཏུ་ཞུས་ཡོད་པ་དང་།

དེ་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བླང་དོར་གྱི་བཀའ་སློབ་ལམ་སྟོན་བསྩལ་དོན་༧སྐྱབས་རྗེ་ཡོངས་འཛིན་དབང་པོ་མཆོག་གིས་བསྟན་པ་དང་འགྲོ་བའི་དོན་དུ་ཁོ་ནར་དམིགས་ནས་བསྟན་པ་འདི་ལ་བཞག་པའི་མཛད་རྗེས་དག་ང་ཚོས་ངེས་པར་དུ་རྗེས་དྲན་དང་བཀའ་དྲིན་ཚོར་ཤེས་ཀྱིས་ང་ཚོས་མུ་མཐུད་དུ་ཁོང་གི་ཐུགས་དགོངས་འགྲུབ་པར་འབད་བརྩོན་བྱེད་དགོས་ཤིང་། ང་ཚོ་ཚང་མ་མཐུན་འབྲེལ་དང་ཕན་ཚུན་མཉམ་རུབ་ཀྱི་ཐོག་ནས་༧སྐྱབས་རྗེ་བདེ་བར་གཤེགས་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་པ་ ༣༣ པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་་འཛིན་རིན་པོ་ཆེ་་མཆོག་གཙོས་བླ་མ་གོང་མ་རྣམས་ཀྱིས་རྗེས་བཞག་མཛད་པའི་བསྟན་པ་འདི་ལ་འཛིན་སྐྱོང་བྱེད་དགོས་ཚུལ་སོགས་དང་། གཞན་ཡང་ང་ཚོ་ཡང་དུས་སྔ་ཕྱི་ཞིག་གི་ཁྱད་པར་མ་གཏོགས་མི་རྟག་པའི་ངང་ཚུལ་འདི་ལས་མི་འདའ་བ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་དེ་གདུང་སྲེག་མེ་སྤར་གྱི་མཛད་རིམ་གྲུབ།

ཕྱི་དྲོ་མུ་མཐུད་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་གཞུང་བསྲངས་ཞིང་། མཐར་བོད་ཤིང་སྦྲུལ་ལོའི་བོད་ཟླ་ ༦ པའི་ཚེས་ ༡༥ ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ཚེས་ ༩ ཉིན་ གདུང་མཆོད་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་གའི་མཇུག་ཡོངས་སུ་གྲུབ་པར་བྱ་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow