
གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་བྱས་ཤིང་། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོན་བྱས་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།


ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡ པའི་ཚེས་ ༡༩ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༢པ་འཚོགས་གནང་ཡོད་ཅིང་།
དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་དབུ་བཞུགས་ཀྱིས་བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་ཚང་འཛོམས་ཐོག

ཐོག་མར་བཀའ་རམས་པ་དགེ་ལེགས་ཉི་མ་ནས་གཙོ་སྐྱོང་ཐོག་ཕྱི་དྲོའི་དུས་ཚོས་ ༥།༠༠ བགྲོ་གླེང་དབུ་འཛུགས་གནང་ཞིང་།

བཀའ་རམས་པ་ཁྲི་གཙུག་རྣམ་རྒྱལ་ལགས་ནས་གསུང་བཤད་གནང་བཞིན་པ།
གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས་བཀའ་རམས་པ་ཁྲི་གཙུག་རྣམ་རྒྱལ་ནས་༼མོ་རྩིས་གཏོ་དཔྱད་བཞིའི་ཁོངས་སུ་གཏོགས་པའི་གཏོ་ཡི་སྐོར།༽ཞེས་པའི་བརྗོད་གཞི་དང་འབྲེལ་ནས་སྡེ་ཚན་བཞིའི་སྒོ་ནས་གསུང་བཤད་གནང་ཡོད་ཅིང་།


༡ གཏོ་ཡི་བྱུང་རབས་དང་འཕེལ་རིམ།
༢ གཏོ་ལ་ནང་གསེས་དབྱེ་ཚུལ།
༣ གཏོ་ཆོག་ལག་ལེན་བྱེད་ཚུལ།
༤གཏོ་ཡི་ཕན་ཡོན་དང་བཞིའི་སྐོར་ནས་དཔྱད་གཞི་གནད་ལ་བབ་ཅིང་དཔྱད་པ་ལུང་རིགས་ཕྲུགས་གཅིག་ལ་སྦྲེལ་ནས་གཏམ་བཤད་སྐར་མ་བཅོ་ལྔ་དང་། དྲི་བ་དྲི་ལན་སྐར་མ་བཅོ་ལྔ་བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད་པ་རེད།

མཛོད་འཛིན་གྲྭའི་སློབ་གཉེར་བ་མིག་དམར་ཚེ་རིང་ལགས་ནས་གཏམ་བཤད་གནང་བཞིན་པ།
༼དཔའ་བོ་འབྲུ་ལྔ་ལས་འཕྲོས་པའི་འཕྲུལ་ཡིག་བཞི་བཅུ།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཡོད་པ་དང་།
༡ དཔའ་བོ་འབྲུ་ལྔའི་རྣམ་གྲངས་ལ་དཔྱད་པ།
༢ཕྱི་ནང་གསང་གསུམ་དུ་དབྱེ་བ་ལ་དཔྱད་པ།
༣ འབྲུ་ལྔ་ལས་འཕྲོས་པའི་འཕྲུལ་ཡིག་བཞི་བཅུ་ལ་དཔྱད་པ།
༤ འབྲུ་ལྔ་སོ་སོའི་གོ་རིམ་ལ་དཔྱད་པ།


༥ དཔའ་བོ་འབྲུ་ལྔའི་སྒྲ་བཤད་ལ་དཔྱད་པ་བཅས་སྡེ་ཚན་ལྔའི་སྒོ་ནས་འབྲུ་ལྔའི་གོ་དོན་དཔྱད་པ་གཏིང་ཟབ་ཀྱིས་དྲི་བ་དྲི་ལན་བཅས་ནས་གཏམ་བཤད་མཇུག་གྲུབ་ཡོད་པ་རེད།

ས་ལམ་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་མཐུ་སྟོབས་ལགས་ནས་གཏམ་བཤད་གནང་བཞིན་པ།
དེ་རྗེས་ས་ལམ་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་མཐུ་སྟོབས་ལགས་ནས་༼ཐུགས་རྗེ་སེམས་དཔའི་ལྟ་བའི་སྐོར།༽ཞེས་པའི་བརྗོད་བྱའི་ཐོག་ནས་གསུང་བཤད་གནང་ཡོད་པ་དང་།
༡ གཟུང་འཛིན་གང་ལ་བྲལ་གཞི་མཚན་ཉིད་གསུམ།
*འགྲེལ་མེ་ལོང་ལས་མཚན་ཉིད་གསུམ་གྱི་རྣམ་གཞག
* མཚན་ཉིད་གསུམ་དང་འབྲེལ་ག་པུར་ཐིགས་པའི་དགོངས་དོན།
* མཚན་ཉིད་གསུམ་དང་འབྲེལ་སྒ་སྟོན་དང་རྣམ་འབྱེད་འཕྲུལ་ལྡེའི་དགོངས་དོན།
* དེ་གསུམ་དཔེ་ཇི་ལྟར་ཡིན་པ་དང་དགག་སྒྲུབ་ཀྱི་སྒོ་ནས་བཤད་ཚུལ།


༢ གང་ཕྱིར་བྲལ་བའི་གཏན་ཚིགས།
*ཡོད་པ་མ་ཡིན་ལ་དོན་དུ་སྣང་བ་རང་བཞིན་གྱི་གཏན་ཚིགས།
* ཕྱི་རོལ་གྱི་དོན་ལ་གནོད་པ་གཏོང་བ་གཅིག་དང་དུ་བྲལ།
* ལྷན་ཅིག་དམིགས་པར་ངེས་པའི་གཏན་ཚིགས།
* རིག་པའི་གཏན་ཚིགས།


༣ གང་ལྟར་བྲལ་བའི་གཉིས་མེད་ཀྱི་ཤེས་པའི་གནས་ལུགས།
*དབྱེ་བ་སྤྱིར་བསྟན་པའི་གཞུང་ལུགས།

* གཞུང་ལུགས་བྱེ་བྲག་ཏུ་བཤད་པ་བཅས་ས་བཅད་གསུམ་དང་སྡེ་ཚན་བཅུའི་སྒོ་ནས་གསུང་བཤད་གནང་ཡོད་པ་དང་། དེ་འབྲེལ་གྱི་དྲི་ལན་དང་བཅས་བོད་ཟླ་བཅུ་གཉིས་པའི་བགྲོ་གླེང་དངོས་སུ་མཇུག་གྲུབ་ཡོད་པ་བཅས་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།
པར་པ། ཆོས་འཁོར་ཚང་རྒྱལ་བོ།










