༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བབས་སྒྲུབ་གྲྭའི་སློབ་གཉེར་བ་རྣམས་ཀྱིས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ ནས་ ༢༠༢༦ ཟླ་ ༠༢ ཚེས་ ༨ བར། རྩ་རླུང་ཞག་བརྒྱའི་ཉམས་ལེན་ལེགས་པར་གྲུབ་སྟེ། གཏུམ་མོའི་དྲོད་རྟགས་ཆུ་རས་སྐེམ་པའི་རིམ་པ་དང་བཀྲ་ཤིས་ཚོགས་འཁོར་གྱི་རིམ་པ་རྣམས་བསྐྱངས་ཤིང་། ཟླ་ ༠༢ ཚེས་ ༨ཉིན་གྱི་དགོང་མོ་ནས་བཅུད་ལེན་གྱི་རིམ་པ་རྣམས་གནང་རྒྱུ།


དེ་ཡང་སུམ་ལྡན་གཡོར་མེ་བའི་ཞལ་ནས། “ཚོགས་བསོག་རིམ་འགྲོའི་ཡན་ལག་སྔོན་དུ་འགྲོ་བ་ནི། དགེ་སྦྱོར་ལ་འཇུག་པའི་སྔོན་དུ། གསུང་རབ་འདོན་པ་དང་། གཏོར་མ་ཞུ་བ་དང་། དབང་ཞུ་བ་དང་། ཚོགས་བསོག་གི་རྣམ་པ་གར་ལྕོགས་སུ་བྱ་སྟེ་” ཞེས་གསུངས་པའི་གནད་ལྟར། འདི་ག་སྨན་རིའི་སྒྲུབ་གྲྭའི་སློབ་གཉེར་བ་རྣམས་དང་དམིགས་བསལ་དགེ་བཤེས་རྣམ་པ་གཉིས་བཅས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ ཉིན་ནས་བཟུང་བླ་མ་མགོན་པོ་དབྱེར་མེད་དང་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་ཚོགས་འཁོར་སྔོན་དུ་བཏང་ནས་རྩ་རླུང་ཞག་བརྒྱའི་ཉམས་ལེན་དངོས་སུ་དབུ་འཛུགས་གནང་།

ཉམས་ལེན་གྱི་བརྒྱུད་རིམ་ནང་འཇམ་རླུང་ཟ་མ་ཏོག་དང་། བར་རླུང་བུམ་པ་ཅན། དྲག་རླུང་མེ་དཔུང་མ་བཅས་རིམ་པ་གསུམ་གྱི་སྒོ་ནས་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པར་བྱས་ཡོད་པ་དང་། ཞག་བརྒྱའི་རིང་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་མཚམས་བཅད་དེ་བསྙེན་ཚད་འབུམ་རེ་དང་། ནངས་མོར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་རྩ་རླུང་གསོལ་འདེབས་རེས་མོས་སུ་འདོན་པ་དང་། དགོང་མོར་ལུས་སྦྱིན་གསུང་པ་སོགས་ལམ་སྲོལ་ལྟར་ཉིན་རེའི་དུས་ཚོད་རེའུ་མིག་ཟུར་དུ་གསལ་བ་བཞིན་བགྱིས་ཡོད་པ་དང་།


ཐུན་རེ་རེ་བཞིན་སྤྱིའི་སྔོན་འགྲོ་སྟངས་ར་རྣམ་གསུམ་དང་། ཁྱད་པར་གྱི་སྔོན་འགྲོ་སྲུང་གུར་དབུབ་པ། རླུང་དུག་བསལ་བ། རྩ་རླུང་ཐིག་ལེ་བྱིན་གྱིས་བརླབ་པ། དངོས་གཞིའི་ལུས་གནད། རླུང་གནད། དམིགས་པའི་གནད་སོགས་གདམས་པ་ཟབ་མོའི་གནད་རྣམས་ཚུལ་བཞིན་ཉམས་ལེན་དང་། ཨ་ཁྲིད་དང་སྙན་རྒྱུད་ཀྱི་འཕྲུལ་འཁོར་བརྒྱད་ཅུ་སོགས་ལུས་སྦྱོང་གི་གནད་རྣམས་མཐར་ཕྱིན་པ་གནང་། དུས་ནས་དུས་སུ་དགེ་རྒན་དགེ་བཤེས་གཡུང་དྲུང་ཡོན་ཏན་ལགས་ཀྱིས་གཟིགས་རྟོགས་དང་ལམ་སྟོན་གནང་ཡོད་པ་དང་།

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ལྷག་པའི་ཉིན་ཏེ་བར་རླུང་གི་ཉིན་མཐའ་མར། དགེ་རྒན་དགེ་བཤེས་གཡུང་དྲུང་ཡོན་ཏན་ལགས་ཀྱིས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་གཟིགས་རྟོག་ཏུ་གདན་འདྲེན་ཞུས་ཤིང་། སྐབས་དེར་སྒྲུབ་པ་པོ་རྣམས་ཀྱིས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་རྒན་ལགས་བཅས་ཀྱི་སྤྱན་སྔར་སྐབས་བབས་ཀྱི་སྙན་རྒྱུད་འཕྲུལ་འཁོར་རྣམས་སྤྱན་འབུལ་ཞུས་པའི་སྐལ་བཟང་གི་གོ་སྐབས་ཐོབ།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༧ ཉིན་ཏེ་ཞག་བརྒྱ་ལོངས་པའི་ཕྱིར་ཉིན། ཐོ་རངས་ཀྱི་དུས་སུ་རླུང་ཁུག་བརྒྱ་དང་བརྒྱད་བཟུངས་ཤིང་སྙན་རྒྱུད་ཀྱི་འཕྲུལ་འཁོར་ཆ་ཚང་ཚར་རྗེས། དུས་ཚོད་ ༥།༣༠ནས་གཤེན་གྱི་སྒོམ་སྒྲུབ་གླིང་གི་མདུན་ཐང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་བླ་གྲྭ་འདུས་པ་རྒྱ་མཚོའི་སྤྱན་སྔར། སྒྲུབ་པ་པོ་རྣམས་ཀྱིས་གཏུམ་མོའི་དྲོད་རྟགས་སུ་ཆུ་རས་བརླན་པ་རྣམས་གཏུམ་མོའི་མེ་དྲོད་ཀྱིས་སྐམ་པར་བྱེད་པའི་རྟགས་མཚན་སྤྱན་འབུལ་ཞུས་ཤིང་། དེ་ཡང་གཞུང་ལས་གསལ་བ་ལྟར་ཆུ་ཁོལ་གྲང་དུ་ཞག་བརྒྱའི་རིང་བསྔགས་སྒྲུབ་གནང་བའི་ཁྲུས་ཆུ་བླུག་ཏེ་སྒྲུབ་གཤེན་པ་སོ་སོའི་ཆུ་རས་བརླན་པ་ལན་གསུམ་རེ་རྒྱབ་ཅིང། དེ་ནས་ཚོགས་ཁང་དུ་ཨ་ཁྲིད་ཀྱི་འཕྲུལ་འཁོར་ཆ་ཚང་རྒྱབ། དེ་ནས་རླུང་དང་ཐུན་འཕྲུལ་འཁོར་དབབ་པའི་རིམ་པ་རྣམས་བགྱིས་ཏེ་སྔ་དྲོར་དྲག་རླུང་མེ་དཔུང་མ་རླུང་ཁུག་ ༧༥ དང་འཕྲུལ་འཁོར་ལ་སྙན་རྒྱུད་ཀྱི་ལུས་སྦྱོང་ལྔ་པ་དང། ཕྱི་དྲོར་བར་རླུང་བུམ་པ་ཅན་གྱི་རླུང་ཁུག་ ༥༣ དང་ཨ་ཁྲིད་ཀྱི་འཕྲུལ་འཁོར་གསེར་ཐུར་མ་རྒྱབ།


ཕྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༨ ཉིན་ཞོགས་པ་འཇམ་རླུང་ཟ་མ་ཏོག་གི་རླུང་ཁུག་༢༡ དང་ཨ་ཁྲིད་ཀྱི་འཕྲུལ་འཁོར་ལས་མདའ་འཕེན་གཞུ་འགེང་བྱས་ཏེ་རླུང་དབབ་པའི་རིམ་པ་རྣམས་ཚར་རྗེས། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་དང་མཉམ་མེད་བླ་མའི་ནང་སྒྲུབ་སྦྲགས་མའི་སྒོ་ནས་གཏང་རག་གི་ཚོགས་འཁོར་དང་སྒོ་དབྱེ་བཀྲ་ཤིས་ཀྱི་རིམ་པ་རྣམས་ལེགས་པར་གྲུབ་མཚམས་“བཅུད་ལེན་ཐར་པའི་རྒྱགས་ཕྱེ་”ལྟར་བོན་རྫོགས་སྤྲུལ་གསུམ་གྱི་བཅུད་ལེན་ལ་བརྩོན་རྒྱུ་དང་ཡིན་པ་བཅས་ཀྱི་གནས་ཚུལ་དུ། སྐབས་བབ་སྒྲུབ་གྲྭའི་སློབ་གཉེར་བ་གཡུང་དྲུང་ཉི་མས།
འདི་ལྟར་ཉམས་ལེན་ཟབ་མོ་གྲུབ་པ་ནི་གཙོ་བོར་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་དགོངས་དང་ཐུགས་རྗེ་ལམ་སྟོན་ཉག་གཅིག་ལས་གྲུབ་དང་། ཁྱད་པར་དུ་རང་དགོན་གྱི་འཛིན་སྐྱོང་ལས་ཁུངས་གཙོ་བོ་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་རྩ་རླུང་ཞག་བརྒྱར་མཐུན་རྐྱེན་སྦྱར་གནང་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྩ་རླུང་ཞག་བརྒྱའི་སློབ་སྟོན་དགེ་རྒན་འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་མཆོག་དང་། དང་བླངས་མ་བྱན་རྣམས་དང་། མདོར་ན་ཞག་བརྒྱའི་རིང་ལ་རྒྱབ་སྐྱོར་དང་རོགས་འདེགས་ཆེ་ཕྲ་ཆུང་གསུམ་སྦྱར་གནང་མཁན་ཡོངས་ལ་ངེད་སྒྲུབ་བཞུགས་པ་ཀུན་གྱིས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བའོ།













