

ཞྭ་དཀར་གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ལོ་རེའི་ལོ་མཇུག་ཏུ་ཁྲོ་ཕུར་གཉིས་ཀྱི་དགུ་གཏོར་ཆེན་མོ་འཚོགས་ཤིང་ཉི་ཤུ་དགུར་དགུ་ཟློག་འཕེན་སྲོལ་ཡོད་པ་བཞིན།



འདི་ལོ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༢ ཤིང་སྦྲུལ་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ ༢༧ ནས་ ༢༩ བའི་ཉིན་གྲངས་གསུམ་གྱི་རིང་ ༸རྒྱལ་བ་སྨན་རིའི་ཚོགས་ཁང་དུ་ཡི་དམ་ཁྲོ་ཕུར་གཉིས་ཀྱི་དགུ་གཏོར་ཆེན་མོ་དང་། སྨན་རིའི་སྒྲུབ་ཁང་དུ་སྒྲུབ་གཤེན་པ་བཅུ་གྲངས་ལྷག་གིས་ཡི་དམ་ཕུར་པའི་སྲུང་ཟློག་དང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཡི་དམ་གསས་མཁར་མཆོག་ལྔའི་ཚོགས་མཆོད་དང་སྲིད་པ་རྒྱལ་མོའི་ཚོགས་མཆོད་སོགས་ཕུལ་གནང་ཞིང་། བཙུན་དགོན་རདྣ་སྨན་གླིང་ཡང་ཉིན་གྲངས་གསུམ་གྱི་རིང་དགུ་གཏོར་འཚོགས་གནང་ཡོད་པ་རེད།


དེ་ཡང་བོད་ཚེས་ ༢༧ དགུ་གཏོར་གྱི་ཉིན་དང་པོའི་ཐོ་རངས་དུས་ཚོད་ ༤ དང་ཕྱེད་ཙམ་ནས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོར་ཡི་དམ་ཁྲོ་བོ་ངོ་མཚར་རྒྱས་པ་དང་།


དབལ་ཕུར་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔ་གཉིས་ཀྱི་གཞུང་བསྲངས་ཏེ་<ཁྲོ་ཕུར་གཉིས་ཀྱི་གདངས་དབྱངས་འབྲུག་མོ་ལྡིར་བའི་>སྒྲ་དབྱངས་ལ་དྲངས་ཏེ་ཚོགས་འཁོར་ཡོངས་སུ་མཇུག་གྲུབ་པར་གསུངས་གནང་ཡོད་པ་དང་། ཉིན་གཉིས་པ་སླར་ཡང་ཕུར་པའི་ཚོགས་འཁོར་རྒྱས་འབུལ་དང་། བོན་སྐྱོང་གྱེར་ཆེན་སོགས་གནང་ཞིང་།



ཕྱི་ནང་གསང་གསུམ་གྱི་མཚམས་བཅད་སྐབས་ཀྱི་སྟག་འགྲོས་སེང་སྟབས། གཡུང་དྲུང་ལུ་གུ་རྒྱུད་ཀྱི་འགྱིང་འགྲོས། ཉིན་སོ་སོར་ཕུར་སྒྲིལ་སོགས་འཆམ་གནང་ཞིང་།




དེ་རིང་བོད་ཟླ་ ༡༢ པའི་བོད་ཚེས་ ༢༩ སྤྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་པ་ ༡༦ ཉིན་དྲོ་གཞུང་དུས་ཚོད་གཉིས་དང་ཕྱེད་ཙམ་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གནས་པའི་སྐྱེ་འགྲོ་ཡོངས་ལ་འཚེ་བར་བྱེད་པ། ཕྱི་ལས་ལ་གྱུར་པའི་དགྲ། ནང་རྣམ་རྟོག་ལས་གྱུར་པའི་བགེགས། གསང་བ་མ་རིག་པ་ལས་གྱུར་པའི་བདུད་ཚོགས་རྣམས་བསྒྲལ་ནས་བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དབྱིངས་སུ་བསྟིམ་པའི་བརྡ་མཚོན་དུ་དབལ་ཕུར་བསྒྲལ་བསྟབ་ཀྱི་གར་འཆམ་གནང་ཞིང་ཕྱི་ཇ་བཞེས།


དེ་རྗེས་སྨན་རིའི་འཆམ་རར་ཆེན་མོར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་བྱད་ཐག་བཅད་པ་དང་། ཟློག་ཁྲུས་གནང་ཞིང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་ཟློག་དབང་གནང་། སྐབས་དེར་ཁྲོ་ཕུར་གཉིས་ཀྱི་དབུ་མཛད་གཙོས་གདོང་གྲལ་བ་རྣམས་ཀྱིས་ཚོགས་ཁང་སྒོ་འབྱོར་དུ་སྨོན་ལམ་ཀ་དྲ་མ་གྱེར་ཞིང་དེ་དག་གྲུབ་རྗེས། གྲྭ་ཚང་དགེ་སྐོས་ཀྱིས་སྣེ་དྲངས་ཏེ་བོན་གཤེན་རྔ་ཐོག་དང་བཅས་གཤེན་རབ་དགུ་འཆམ་སོགས་འཁྲབ་གནང་གྲུབ་མཚམས་མཇུག་ཏུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དང་དགེ་འདུན་སེར་སྐྱ་ཡོངས་ཀྱིས་མེ་རིའི་འཆམ་སྐོར་གྱིས་གཡུང་དྲུང་དགའ་འཁྱིལ་སྐོར་ཞིང་གཏོར་རྒྱག་སེར་འཕྲེང་དུ་ཕེབས། དེ་ནས་ཕྱིར་འབྱོར་ཞིང་ལྷ་རྒྱལ་དང་། བཀྲ་ཤིས་གཤེགས་བསྐྱོད་སོགས་ཀྱིས་མཐའ་བརྒྱན་ཏེ་བོད་ཤིང་མོ་སྦྲུལ་ལོའི་དགུ་གཏོར་ཆེན་མོ་མཇུག་གྲུབ་ཡོད་པ་བཅས།












