དེ་ཡང་འཆར་ཅན་ལྟར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག་ལོ་རེའི་བོད་ཟླ་དང་པོའི་ཟླ་མཇུག་ཏུ་ཤེས་རབ་སྨྲ་བའི་སེང་གེའི་བསྙེན་སྒྲུབ་དང་བཀའ་དབང་བསྩལ་གནང་ཡོད་པ་ལྟར།

འདི་ལོར་ཡང་སྐབས་ ༤༦ པའི་རྒྱུན་ལས་རྣམས་ཀྱིས་འགན་ཁུར་འོག་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་ ༣༡༦༣ བོད་ཟླ་ ༡ ཚེས་ ༢༣ ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༡༡ ཉིན་ནས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དབུ་འཛུགས་གནང་ཞིང་བོད་ཚེས་ཉེར་དགུའི་དགོང་མོར་ནམ་སྟོད་གབ་སྦས་གསང་བའི་ཤམ་སྦྱོར་དང་སྨྲ་སེང་བསྙེན་པ་སྦྲག་མར་བསགས་སྒྲུབ་དང་། ནམ་སྨད་ཤེས་རབ་བློ་འཕེལ་དང་། ཡིད་འོང་ཕྱྭ་སྲས་རྒྱལ་པོའི་གཟུངས་སོགས་གསུངས་ཏེ།



ཁྱོན་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་འཛབ་གྲངས་ཚང་བསག་བསྒྲུབས་མཛད་ཡོད་པ་དང་། དེ་རིང་གནམ་གང་ཉིན་གྱི་ཞོགས་པ་ནས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་གཉིས་སྦྲག་སྟེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་།
དེ་རིང་སྔ་དྲོའི་ཕྱག་ཚོད་དགུ་དང་ཕྱེད་ཙམ་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ནས་བོན་གཞིས་སྐྱ་སེར་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་དད་འདུན་སློབ་ཚོགས་བཅས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་གནང་ཡོད་པ་དང་




གཞན་ཡང་དུས་ཚིགས་དེ་དང་བསྟུན་ནས་བཙུན་དགོན་རཏྣ་སྨན་གླིང་དུ་བཙུན་མ་རྣམས་ཀྱིས་བདུན་གཅིག་གི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དང་། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སློབ་དགེ་ཐུན་མོང་ནས་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཉོན་མོང་ནད་སེལ་སྨན་ལྷའི་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་མཆོད་ཉིན་བདུན་གྱི་རིང་གནང་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་ཙམ་དུ།














