དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ མེ་ཕོ་རྟ་ཡི་ལོའི་བོད་ཟླ་གཉིས་པའི་ཚེས་ ༡༦ དང་ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༢ ཉིན་༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༨ འཁོར་བའི་དུས་ཆེན་མཛད་སྒོ་འཚོགས་གནང་སོང་།


དེ་ཡང་ཐོག་མར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་གཙོས་མཁན་སློབ་གོང་མ་དམ་པ་རྣམས་ཀྱི་བླ་ན་མེད་པའི་དགོངས་བཞེད་ལས་སྤྱི་ལོ་ ༡༩༧༨ ལོར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པར་འཆད་ཉན་སློབ་གཉེར་གནང་ཆེད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ད་བར་མི་ལོ་ ༤༨ཧྲིལ་པོར་འཁོར་ཡོད་པ་ལྟར།



དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་འདུས་མང་ཡོངས་ནས་བསྟན་པའི་དར་ཆེན་སྒྲེང་འཛུགས་དང་རབ་གནས་གནང་རྗེས་ལྷ་རྒྱལ་རི་རྩེར་བསང་གསོལ་དང་ཕྱེ་མར་མཆོད་ཅིང་ལྷ་རྒྱལ་གསོལ། དེ་ནས་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་སེར་སྐྱ་ཀུན་གྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྨན་རིའི་མཁན་སློབ་རྣམ་པའི་སྐུ་པར་མཇལ་ཁ་ཞུས།


དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་བླ་གྲྭ་དགེ་བཤེས་རྣམས་ཀྱིས་སྨན་རིའི་ཚོགས་ཁང་གི་གཡས་ཟུར་སྐུ་གདུང་ར་བའི་ནང་དུ་གསར་བཞེངས་གནང་བའི་༸ཞིང་བཤེགས་དམ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་རྣམ་དག་མཆོད་རྟེན་ལ་དེ་རིང་གི་དུས་ཆེན་དང་བསྟུན་ནས་རབ་གནས་སོགས་གནང་ཞིང་།


དུས་ཚོད་དགུ་པ་མ་ཟིན་ཙམ་ལ་བཤད་སྒྲུབ་འདུས་སྡེའི་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་སེར་སྐྱ་མི་མང་ཡོངས་ལྷན་འཛོམས་ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༦ པའི་དྲུང་ཡིག་མིག་དམར་ཚེ་རིང་ལགས་ནས་མཛད་སྒོའི་གཙོ་སྐྱོང་དང་སྦྲག བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རྒན་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དེ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་པ་གཉིས་གདན་ཞུས་གནང་ཞིང་།

༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་ཏེ། བཀྲ་ཤིས་རྟེན་འབྲེལ་གྱི་མེ་ཏོག་སིལ་མ་མཁའ་ལ་འཐོར་བ་དང་ཆབས་ཅིག་སེར་སྐྱ་མི་མང་ཀུན་གྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། དེ་རྗེས་སེར་སྐྱ་མི་མང་ཡོངས་བཞུགས་གྲལ་དུ་འཁོད་མཚམས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཏེ་སྔོན་འགྲོའི་མཛད་རིམ་ལེགས་པར་གྲུབ།

དེ་ནས་དངོས་གཞིའི་མཛད་རིམ་གྱི་ཐོག་མར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བསྟན་པ་མཆོག་ལྡན་ལགས་ནས་མཛད་སྒོར་ཕེབས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་།

དེ་ནས་རིམ་པ་ལྟར་ཚོགས་མགོན་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན། དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་འགོ་འཛིན་དག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་།








དེ་ཡང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྤྱིར་སློབ་གཉེར་གྱི་དགོས་ཕན་དང་དམིགས་ཡུལ། ཤེས་ཡོན་གྱི་གལ་གནད། གཞན་ཡང་རབ་ཏུ་བྱུང་བའི་འདུས་ཤེས་དང་ཀུན་སྤྱོད་སོགས་དང་འབྲེལ་ལུགས་གཉིས་ལམ་སྟོན་གྱི་བཀའ་སློབ་གསོལ་བསྩལ་གནང་ཞིང་།

དེ་རྗེས་ལོ་འཁོར་གཅིག་གི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། བཙུན་དགོན་རཏྣ་སྨན་གླིང་གི་སློབ་གཉེར་བའི་གྲལ་ནས་དམིགས་བསལ་འཕར་རྒྱུགས་ངག་རྒྱུགས་འབུལ་མཁན་དང་། ལོ་འཁོར་གྱི་ཡིག་རྒྱུགས་ཁྲོད་ནས་གནས་རིམ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ལེན་མཁན་བཅས་ལ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་གཟེངས་བསྟོད་ཕྱག་འཁྱེར་དང་ཁ་བཏགས་གསོལ་བསྩལ་གནང་། དེ་རྗེས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱན་ཤོག་ཐོབ་མཁན་རྣམས་ལ་༸སྐྱབས་རྗེ་མཁན་སློབ་རྣམས་གཉིས་ཀྱི་དྲུང་ནས་རྒྱན་ཐོབ་བྱ་དགའ་བཞེས།

དེ་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་མཛའ་བརྩེའི་འཚམས་འདྲི་དང་བཅས་དུས་ཆེན་འདི་དང་འབྲེལ་ནས་སེར་སྐྱ་མི་མང་ཡོངས་ལ་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་བསྩལ་གནང་ཡོད་པ་རེད།

མཇུག་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དུས་ཆེན་རྒྱལ་ཁའི་ངང་མཇུག་གྲུབ་པ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།
པར། ཆོས་འཁོར་ཚང་རྒྱལ་པོ།










