༧གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་ཆེན་མོའི་ཞབས་རིམ་གསལ་བསྒྲགས།

༄༅། །སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་འཛམ་གླིང་ཡངས་བའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་རྒུད་པའི་ཚོགས་རྣམས་མྱུར་བར་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ཁྱད་པར་དུ་རང་རེའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་། དད་ལྡན་ཡོན་བདག་ཡོངས་ཀྱི་ཚེ་རིང་ནད་མེད། དཔལ་འབྱོར་དང་བསོད་ནམས་ལོངས་སྤྱོད་ཀྱི་ཚོགས་བཅས་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ།


གཟའ་སྐར་ཚེས་བཟང་དང་བསྟུན་ཕྱི་ལོ་ ༢༠༢༦ཕྱི་ཟླ་༠༥ ཚེས་༡༨ ནས་ ༢༧ བར་དང་། བོད་ཟླ་༠༤ ཚེས་༠༢ ནས་ ༡༡ བར་ཏེ། ཉིན་བཅུའི་རིང་འདི་ག་ྋགཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས་༸གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་གཡང་སྐྱབས་ཀྱི་གཏེར་བུམ་རྒྱས་འབུལ་སྒྲུབ་རྒྱུ་ལགས་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༸སྟོན་པ་རྣམ་འདྲེན་བརྒྱད་པ་༸རྒྱལ་བ་གཤེན་རབ་མི་བོ་མཆོག་གི་རྗེས་འཇུག་དད་ལྡན་སེར་སྐྱ་མི་མང་ཡོངས་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ་རྒྱུ་དང་། དེ་ལྟར་ཕྱོགས་སོ་སོར་གནས་འཁོད་རྒྱ་ཆེའི་དད་ལྡན་མོས་བློ་ཅན་རྣམས་ནས་རྒྱ་མཚོ་ཆུ་ཐིག་གི་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གཤམ་གསལ་ཁ་བྱང་སོགས་བརྒྱུད་ནས་འབྲེལ་བ་གནང་སྐྱོང་ཡོང་བ་བཅས།
འབྲེལ་བ་གནང་ཡུལ།
གྲྭ་ཚང་གཉེར་པ། དགེ་བཤེས་ཤེས་རབ་ཀུན་གསལ། whatsApp – +918219414465
གྲྭ་ཚང་གཉེར་པ། ཟླ་བ་བསྟན་འཛིན། WhatsApp – +9188940 65551
༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ཕྱི་ལོ་༢༠༢༦ ཟླ་༠༤ ཚེས་༢༥ ཉིན།












