༸གདན་ས་སྨན་རིའི་གླིང་དུ་གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་གཡང་སྒྲུབ་ཀྱི་གཏེར་བུམ་རྒྱས་འབུལ་མཇུག་ལེགས་པར་གྲུབ་པ། །

༄༅། །དེ་ཡང་གསལ་སྒྲགས་སྔོན་སོང་ལྟར་སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་འཛམ་གླིང་ཡངས་བའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་རྒུད་པའི་ཚོགས་རྣམས་མྱུར་བར་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ཁྱད་པར་དུ་རང་རེའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་།

དད་ལྡན་ཡོན་བདག་ཡོངས་ལ་ཚེ་རིང་ནད་མེད། དཔལ་འབྱོར་དང་བསོད་ནམས་ལོངས་སྤྱོད་ཀྱི་ཚོགས་བཅས་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ་འདི་ག་ྋགཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས་

བོད་མེ་ཕོ་རྟ་ལོའི་བོད་ཟླ་ ༠༤ ཚེས་ ༠༢ དང་ ༣ ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༠༥ ཚེས་ ༡༨ དང་ བར་ཉིན་གཉིས་ལ་༸གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་གཡང་སྐྱབས་ཀྱི་གཏེར་བུམ་རྒྱས་འབུལ་གྱི་བཅའ་བཟོ་མཆོད་བཤམ་རྣམས་ལེགས་པར་བགྱིས་ཏེ།

བོད་ཟླ་ ༤ པའི་ཚེས་ ༤ དང་སྤྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་འཕྲིན་ལས་ཀྱི་རིམ་པ་དངོས་སུ་དབུ་འཛུགས་གནང་ཞིང་། བོད་ཚེས་ ༩ དང་སྤྱི་ཟླ་ ༥ པའི་ཚེས་ ༢༦ བར་ཉིན་བདུན་གྱི་རིང་ལ་རྣམ་རྒྱལ་རྩ་བའི་ལྷ་བཅུ་དང་དཔལ་མགོན་དང་མགོན་ཕྲན་བཅས་ལ་ཁྲི་མཆོད་རྒྱས་འབུལ་དང་།

ཀླུ་མཆོད་གཞན་ཡང་གཡང་སྒོ་བསྡམས་པ་གཡང་བུམ་སྒྲུབ་པ། མཆོད་སྦྱིན་གྱི་སྦྱིན་བསྲེག་སོགས་ཀྱི་སྒོ་ནས་རྣམ་རྒྱལ་ཁྲི་མཆོད་ཆེན་མོ་དང་གཡང་སྐྱབས་བུམ་སྒྲུབ་བཅས་གནང་ཡོད་པ་དང་། བཙུན་དགོན་རཏྣ་སྨན་གླིང་དུ་བཙུན་མ་རྣམས་ནས་ཉིན་དེ་དག་གི་རིང་རྣམ་པར་རྒྱལ་བའི་གཟུངས་སྒྲུབ་དང། བྱམས་མ། གཡང་སྐྱབས་སོགས་གསོག་སྒྲུབ་གནང་ཞིང་།

དེ་རིང་བོད་མེ་རྟ་ལོའི་བོད་ཟླ་བཞི་པའི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་པའི་ཐོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའ་ཁྲིན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་༸སྨན་རིའི་གྲྭ་ཚང་དང་གཞན་ཡང་ཚོགས་པ་ཁག་དང་བོན་གཞིས་གྲོང་སྡེ་ཁག་སོ་སོ་ནས་རང་རང་གི་གཡང་བུམ་དང་མདའ་དར་ལག་ཏུ་ཐོག་ཏེ། སེར་སྐྱ་མི་མང་ཡོངས་གཡང་སྐོར་གྱི་སེར་འཕྲེང་རྒྱས་པར་ཕེབས་ཞིང་ཕྱོགས་བཞིའི་གཡང་འབོད་གསུང་བཞིན་ཕྱྭ་ཚེའི་གཡང་སྐོར་བགྱིས་མཐར། བཀྲ་ཤིས་དབྱེ་བསྡུ་སོགས་ཀྱི་སྒོ་ནས་མཐར་ཕྱུངས་ཏེ་མཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས། ༢༠༢༦ ཟླ་ ༥ ཚེས་ ༢༦ ཉིན།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
གཡུང་དྲུང་བོན་གྱི་དྲྭ་རྒྱ།