༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་མཇུག་ནས་ ཕྱི་ཟླ་ ༧ པའི་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་གནང་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་གནང་བ།

གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་ནུབ་ཕྱོགས་ཡོ་རུབ་ཁུལ་གྱི་དད་ལྡན་ཚོགས་སྡེ་དང་སྤྱི་སྒེར་ཁག་དུ་མ་ནས་གསོལ་འདེབས་ཞུས་དོན་བཞིན་འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་མཇུག་ནས་བསྟན་དོན་མཛད་འཕྲིན་གྱི་ཆེད་ཡོ་རོབ་ཁུལ་དུ་ཕེབས་གནང་མཛད་ཅིང་དེ་རིང་སྟེ་བོད་མེ་རྟ་ལོའི་བོད་ཟླ་ལྔ་པའི་ཚེས་ ༢༠ ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༥ ཉིན་ཕྱིར་རང་དགོན་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་དང་།

དེ་ཡང་དེ་རིང་ཕྱི་དྲོ་དུས་ ༣:༣༠ཙམ་ལ་ solan གྲོང་ཁྱེར་གྱི་ Nik bakers ཚིག་ཇ་ཁང་དུ་བོད་མི་མང་བོན་སྤྱི་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་ལགས་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་དངུལ་གཉེར། བོན་གཞིས་ས་གནས་འགོ་འཛིན། སྨན་རིའི་་གྲྭ་ཚང་གཉེར་པ་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན། བོན་བུ་ཁྱིམ་ཁང་གི་སྐུ་ཚབ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ། ཕྱི་དྲོའི་དུས་ཚོད་ ༤།༣༠ ཐོག་རང་དགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། སྐབས་དེར་འཆར་ཅན་ལྟར་བོན་གཞིས་མང་ཚོགས་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་གཙོས་དགེ་ལས་རྣམ་པ། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དགེ་སློབ་དག་གིས་ཐོབ་རྒྱལ་ལ་འགོར་ཕེབས་བསུའི་བསང་དུད་དང་བཅས་བསྟར་ཕྲེང་བསྒྲིགས་ཤིང་།

སྨན་རིའི་བཤད་སྒྲུབ་སློབ་དཔོན་མཆོག་གཙོས་བླ་གྲྭ་འདུས་མང་ཡོངས་དང་། རཏྞ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན་གྱི་སློབ་མ། བཤད་སྡེའི་གཞི་རིམ་འཛིན་གྲྭ་བཅས་ནས་སེར་ཕྲེང་དང་རོལ་མོའི་མཆོད་པ་རྒྱ་ཆེན་གྱིས་བསུ་མ་ཞུས་ཤིང་།

ཚོགས་ཁང་ཆེན་མོའི་མདུན་སྒོར་འདུས་མང་ནས་གཤེན་རབ་མཆོད་ལྔའི་རོལ་མོའི་དབྱངས་ཀྱི་མཆོད་པ་ལེགས་པར་ཕུལ།

དེ་རྗེས་༸སྐྱབས་རྗེ་མཆོག་སྨན་རིའི་ཚོགས་ཁང་ཆེན་མོར་གདན་ཞུས་ཁྲི་གསོལ་དང་བཅས་མཚན་ལྡན་བླ་མའི་མཆོད་ཐབས་ཀྱི་སྒོ་ནས་མ་འདལ་དང་མཆོད་པ་རྣམས་ལྔ་འདེགས་འབུལ་གྱི་མཛད་རིམ་དང་སེར་སྐྱ་མི་མང་ཡོངས་ཀྱིས་མཇལ་ཁ་གྲུབ་ཅིང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་འདུས་མང་ཡོངས་ལ། འགྱེད་མང་ཇ་དང་། སེར་སྐྱ་མི་མང་ལ་གསོལ་ཇ་དང་ཁ་ཟས་སོགས་གསོལ་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W
གཡུང་དྲུང་བོན་གྱི་དྲྭ་རྒྱ།