ཨུ་རུ་སུའི་བོན་གྱི་འདུ་གནས་གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་གི་སྐབས་དང་པོའི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།


དེ་ཡང་བོན་གྱི་འདུ་གནས་འདི་ནི། ཐོག་མར་ཕྱི་ལོ་ ༢༠༡༤ ལོར་ཁྲིམས་ལུགས་ཀྱི་ཆ་རྐྱེན་དུ་མའི་འོག་སྐབས་བསྟུན་གྱིས་དེབ་བསྐྱེལ་བྱས་ཤིང་། ལོ་དེའི་སྟོན་ཁ་ཙམ་ནས་ ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ཕྱག་མོ་ཐུགས་རྟགས་དང་ལམ་སྟོན་བཀའ་སློབ་གཞིར་བཟུང་ཐོག སྨན་རིའི་དགེ་བཤེས་མཁན་པོ་རིན་ཆེན་བསྟན་འཛིན་མཆོག་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཉིས་པ་སན་པི་ཊར་སྦུར་གྷི་ (Saint Petersburg) སྟེ་མཐའ་ཡི་རྒྱ་མཚོའི་ཉེ་འགྲམ་གྱི་ས་དཔྱད་ལེགས་པའི་གནས་ཤིག་ཏུ་ས་ཆ་ཉོས་ཏེ་འདུ་གནས་ཀྱི་ས་ལེན་དང་བྱིན་འབེབ་མཛད་དེ། རིམ་བཞིན་ཕྱི་ནང་གི་བཀོད་པ་རྣམས་བཞེངས་བསྐྲུན་གནང་ཡོད།

ཕྱི་ལོ་ ༢༠༡༤ ཟླ་ ༡ པོ་ནས་བཟུང་ ‘‘སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་’’ ཞེས་ ༸གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་རྨང་གཞི་སློབ་སའི་འཛིན་གྲྭ་ཞིག་གསར་འཛུགས་གནང་ནས། ལོ་གསུམ་གྱི་དུས་ཡུན་ཅན་གྱི་བོན་གྱི་འཇུག་སྒོ་སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་གྱི་རིམ་པ་ཆ་ཚང་བའི་སློབ་ཚན་དང་། ‘‘ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་’’ ཞེས་པའི་གསོ་རིག་འབུམ་བཞིའི་སློབ་ཚན་སོགས་ཀྱང་བཙུགས་གནང་ཡོད།

‘‘སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་” ནང་ད་བར་སློབ་འཇུག་ཐེངས་ ༡༢ བྱས་ཤིང་། སློབ་མ་ ༥༠༠ ལྷག་ཙམ་ལ་དངོས་སུ་སློབ་མཐར་ཕྱིན་པའི་མཐར་ཕྱིན་དཔང་ཡིག་བསྩལ་ཡོད་པ་དང་། ད་ལྟའི་ཆར་སློབ་ཞུགས་ཚོགས་མི་ ༢༠༠༠ ཙམ་ཡོད། གཞན་ཡང་དུས་ནས་དུས་སུ་སློབ་ཁྲིད་དང་དབང་ལུང་སོགས་ཀྱི་བོན་འབྲེལ་ཞུ་བའི་ཕྱོགས་མཐའ་ཁག་དུ་མ་ནས་སློབ་མ་མང་པོ་ཡོད་འདུག

བར་ལམ་ནས་དོན་གཉེར་ཅན་དུ་མའི་ཐུགས་འདོད་བཞིན་བོན་གྱི་ཨ་ཁྲིད་དང་། ཞང་ཞུང་སྙན་རྒྱུད། རྫོགས་ཆེན་བཅས་ཀྱི་གདམས་པ་གཙོ་བོར་བྱས་པའི་ལོ་བཞིའི་སློབ་ཚན་གཏན་འབེབ་ཀྱིས་ “ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭ་” གསར་འཛུགས་གནང་ཞིང་། ད་ལན་དངོས་སུ་སྐབས་དང་པོའི་སྒྲུབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་ཡོད།

དེ་ཡང་ཐོག་མའི་འཆར་གཞི་ལྟར་ན་འདི་ལོའི་དབྱར་ཁར་ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གདན་ཞུས་དབུ་བཞུགས་ཀྱིས། གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་གི་གསས་ཁང་ཆེན་མོ་བཞེངས་བསྐྲུན་ལེགས་གྲུབ་ཀྱི་མངའ་དབུལ་རབ་གནས་མཛད་སྒོ་དང་། སྐབས་དང་པོའི་སྒྲུབ་ཐོན་མཛད་སྒོ་ལྷན་གཅིག་ཏུ་སྤེལ་འཆར་ཡོད་པ་མ་ཟད། དེ་དོན་༸རྒྱལ་བ་སྨན་རི་བ་མཆོག་ལ་སྙན་གསན་ཞུས་ཤིང་ཞལ་བཞེས་བཀའ་ཁྲོལ་ཐོབ་ཟིན་ནའང་། གནས་ཡུལ་རྒྱལ་ཁབ་སྲིད་གཞུང་གི་ཁྲིམས་ཀྱི་འགྱུར་བ་དང་གནས་སྟངས་སོགས་ཀྱི་རྐྱེན་པས་ ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གདན་ཞུ་མ་ཐུབ་པར་མ་ཚད། གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་དུ་ཡང་མཛད་སྒོ་འདི་བཞིན་འཚོགས་མ་ཐུབ་སྟབས། སྦྱིན་བདག་གི་ཐུགས་འདོད་ལྟར་སྐབས་དང་པོའི་སྒྲུབ་ཐོན་གྱི་མཛད་སྒོ་དེ་ཉིད་ཁ་རྩང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ ཉིན་གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་གི་མཁན་པོ་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་དབུ་བཞུགས་ཐོག ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཉེ་འགྲམ་དུ་ཨར་ཏ་བླ་མས་ཕྱག་བཏབ་གནང་བའི་བོན་ཚོགས་“རྫོགས་ཆེན་ཡང་རྩེ་གླིང་” དུ་འཚོགས་ཤིང་། གཤེན་གྱི་སྒྲུབ་ཐོན་པ་གྲངས་ ༦ ལ་ཕྱག་འཁྱེར་བསྩལ་གནང་ཡོད།

སྒྲུབ་གྲྭའི་དུས་ཡུན་ལོ་བཞི་རེ་ཡིན་ཞིང་། ལོ་བཞིའི་རིང་སློབ་མ་རྣམས་དབྱར་དགུན་གྱི་གུང་སེང་ཉིན་བཅོ་ལྔ་རེ་ཕུད། གཞན་ལོ་ཧྲིལ་པོར་དགོན་པར་རྒྱུན་བཞུགས་ཀྱིས། ཉིན་རེ་བཞིན་ཐུན་བཞིའི་ཉམས་ལེན་གྱི་ཐུན་རེར་ཆུ་ཚོད་ ༡:༣༠ རེ་དང་། དེ་བཞིན་སྦྱིན་པ་རྣམ་བཞི་ཆུ་ཚོད་ཕྱེད་ཀ་རེ་བཅས་བསྡོམས་པས་ཆུ་ཚོད་ ༨ དང་། དཔེ་ཁྲིད་ཆུ་ཚོད་ ༢ རེ། གཞན་ཡང་དགོང་མོ་བོད་ཡིག་ཀློག་སྦྱོང་གི་ཆུ་ཚོད་ ༡ བཅས་ཉིན་རེར་མ་མཐའ་ཆུ་ཚོད་ ༡༡ རིང་ཉམས་ལེན་དང་སྒོམ་སྒྲུབ་སོགས་གནང་དགོས་ཀྱི་ཡོད་པ་དང་། གཞན་ཡང་འཆར་ཅན་གྱི་སྔོན་འགྲོ་འབུམ་དགུ་དང་། རྩ་རླུང་ཞག་བརྒྱ། མུན་མཚམས་བཅད་རྒྱའི་ཉམས་ལེན་སོགས་གནང་བཞིན་ཡོད་འདུག

Screenshot

སློབ་ཁྲིད་ཀྱང་གཙོ་བོ་མཁན་པོ་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་གི་ཐུགས་བཀོད་འོག་སློབ་དཔོན་སེམས་དཔའ་རྒྱལ་མཚན་ལགས་ཀྱིས་གཙོ་བོར་གནང་བ་དང་། དུས་ནས་དུས་སུ་ ༸གདན་ས་སྨན་རིའི་གླིང་དང་ ༸དཔལ་ལྡན་ཁྲི་བརྟན་ནོར་བུ་བརྩེ་གཉིས་ཀྱི་དགེ་རྒན་དང་དགེ་བཤེས་མང་པོ་དངོས་སུ་གདན་ཞུས་ཀྱིས་སྐབས་བབ་ཀྱི་སློབ་ཁྲིད་ཀྱང་གནང་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ།

གནས་ཚུལ་དང་པར་རིས་མཁོ་འདོན་པ། སློབ་དཔོན་སེམས་དཔའ་རྒྱལ་མཚན། གཙོ་སྒྲུབ་པས་ལེགས་བཅོས་བྱས་ཡོད།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W
གཡུང་དྲུང་བོན་གྱི་དྲྭ་རྒྱ།