དེ་རིང་༸རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་ཉག་མ་ ༤༣ མེ་རྟ་ལོའི་བོད་ཟླ་བདུན་པའི་ཚེས་ ༢༩ དང་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ པའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༦ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་ལས་ཡུན་གཙང་རྗེས་སྐབས་ ༤༧ པའི་རྒྱུན་ལས་ཀྱིས་རྩིས་ལེན་དང་། ལས་ཁུར་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་འཕགས་ཡུལ་བྱང་རྒྱུད་ཧི་མ་ཅལ་དུ་གནས་བཅས་པའི་ ༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་འདིར་ཕྱི་ལོ་ ༡༩༧༨ ལོར་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ལོ་གཉིས་ཀྱི་རྗེས་ཏེ་ ༡༩༨༠ ལོ་ནས་༸རྩ་བའི་བླ་མ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་འདུས་སྡེ་འདི་ཉིད་ཀྱི་ཤེས་ཡོན་སོགས་གང་ཅིའི་ཐད་ཡར་རྒྱས་དང་ཚགས་ཚུད་ཡོང་ཆེད། བཤད་སྡེའི་རྒྱུན་ལས་ཀྱང་ཚོགས་སྡེ་སྤྱི་མཚུངས་ལྟར་གཏན་འབེབ་གནང་ཡོད་པ་དང་། ད་ལྟའི་ཆར་ལོ་རེར་མང་མོས་ཀྱིས་འོས་འདེམ་བྱས་པའི་རྒྱུན་ལས་མི་དྲུག་རེ་དང་། ཟུང་འབྲེལ་འགན་འཛིན་དུ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དགེ་བཤེས་རེ་ཡོད་ཅིང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག ལོ་ལྟར་བོད་ཟླ་བདུན་པའི་ཚེས་ཤར་ལ་དེང་དུས་ཀྱི་ལམ་སྲོལ་ལྟར་ཁྱབ་ཁོངས་འདུས་མང་ནས་འོས་འདེམས་སྔོན་འགྲོ་དངོས་གཞི་གཉིས་བྱས་ཏེ། མི་དྲུག་འདེམ་སྒྲུག་གནང་མཐར་མི་དྲུག་པོའི་ནང་ཁུལ་ཚོགས་གཙོ་དགེ་སྐོས་སོགས་ལས་གནས་སོ་སོར་ཆ་བགོས་གནང་སྲོལ་ཡོད་པ་ལྟར།

ཟླ་གཅིག་ཙམ་གྱི་སྔོན་ནས་སྐབས་ ༤༧ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམས་གྲྭ་མང་གིས་འོས་འདེམ་བྱས་ཤིང། རྒྱུན་ལས་དྲུག་པོ་ནང་མོལ་ཚོགས་འདུ་འཚོགས་པ་དང་། སྐྱབས་རྗེ་མཁན་སློབ་རྣམ་པར་མཇལ་བཅར་དང་བཀའ་སློབ་ལམ་སྟོན་ཞུས་ཤིང་རྒྱུན་ལས་སོ་སོའི་ལས་བགོས་བྱས་པར། སྐབས་ ༤༧ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་དང་། ཚོགས་གཞོན་སངས་རྒྱས་དོན་གྲུབ། དྲུང་ཡིག་འོད་ཟེར་རྒྱལ་མཚན་དང་། གཉེར་པ་བསྟན་འཛིན་རྒྱལ་པོ། རྩིས་པ་མིག་དམར་ཚེ་རིང་། དགེ་སྐོས་ཟླ་བ་འཕྲིན་ལས་བཅས་ལ་གཏན་ཁེལ་ཞིང་།

དེ་རིང་གོང་ཚེས་ཉིན་གྱི་ཕྱི་དྲོར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། རྒྱུན་ལས་སྐབས་ ༤༦ པའི་ལོ་གཅིག་གི་རིང་བཤད་སྒྲུབ་སློབ་གཉེར་བའི་ཁྲོད། འཚོགས་འཆད་དང་། དམ་བཅའ་དཔེ་ཁྲིད་སོགས་མ་ཆད་པའི་རིགས་དང་། འཛིན་རིམ་འོག་མའི་ཆོ་ག་འཕྲིན་ལས་དང་། ཡིག་གཟུགས་སློབ་ཚན་གྱི་ཨང་རིམ་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་བསྩལ་གནང་རྗེས།

རྒྱུན་ལས་རྙིང་པས་ཉམས་མྱོང་གི་གཏམ་བཤད་དང་། ལས་བྱེད་གསར་པའི་རྩིས་ལེན་དམ་བཞེས་གནང་བ་དང་། དེ་བཞིན་ཟུང་འབྲེལ་འགན་འཛིན་ཟུར་པ་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་(ལས་ཚབ་ཀྱིས་རྩིས་སྤྲོད་བྱས།)མཆོག་དང་། གསར་པ་བཤད་སྡེའི་དགེ་རྒན་དགེ་བཤེས་སྐལ་བཟང་ཕུན་ཚོགས་གཉིས་ཀྱི་རྩིས་སྤྲོད་རྩིས་ལེན་གནང་བ་དང་། དེ་ནས་རིམ་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་སྐུ་ཚབ་ཀྱི་གསུང་བཤད་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་མཐར།


༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས། བསླབ་པ་སློབ་གཉེར་གལ་ཆེ་ཚུལ་དང་། གཞན་ཡང་གནས་ཡུལ་རྒྱ་གར་གྱི་ཡུལ་ཁྲིམས་ལ་ཆེ་མཐོང་དང་བརྩི་སྲུང་དགོས་ཚུལ། གཞན་ཡང་དགོན་པའི་འཁོར་ཡུག་ཕྱི་ནང་སྤྱི་ཡི་འགན་ཁུར་བཞེས་ཕྱོགས་སོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སྟེ། ཚོགས་འདུ་མཇུག་གྲུབ་པ་དང་༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༧ པའི་རྒྱུན་ལས་རྣམས་ཀྱིས་ལས་ཁུར་དབུ་འཛུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།










