དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་དགོངས་བཞེད་དང་ཐུགས་འགན་ཆེར་བཞེས་ཐོག མ་འོངས་བཤད་སྒྲུབ་འདུས་སྡེའི་སོན་རྩ་གཞི་རིམ་སློབ་ཕྲུག་རྣམས་ཀྱི་བཞུགས་གནས་དང་སློབ་གཉེར་བྱེད་སའི་ཁང་པ་གསར་རྒྱག་གི་ལས་གཞི་འདི་ཉིད་ལོ་ཤས་སྔོན་ནས་དབུ་འཛུགས་གནང་ཡང་། བར་ལམ་ནས་ནད་ཡམས་སོགས་ཀྱི་རྐྱེན་པས་འགོར་འགྱང་ཅུང་ཙམ་བྱུང་མཐར། ད་ལོར་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ལེགས་པར་གྲུབ་ཡོད་པ་ལྟར།


དེ་རིང་བོད་མེ་རྟ་ལོའི་བོད་ཟླ་ ༨ ཚེས་ ༢༧ དང། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ སྟེ། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཡི་བླ་གཟའི་ཉིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་ཁང་པ་འདིའི་འགྲོ་གྲོན་གྱི་སྦྱིན་བདག་གནང་མཁན་༧གདན་ས་སྨན་རིའི་བསྟན་སྦྱིན་ཆེན་མོ་(ཤར་ལིན་ ཨེང་གྷལ་ཧརཌ (Charlene Engelhard) དང་(ཐོ་ནི་ མུ་རེ་(Tony Murray) གཉིས་གཙོས་སྦྱིན་བདག་རྣམ་པ་ལྷན་འཛོམས་ཐོག་སྨན་རིའི་གཞི་རིམ་སློབ་མའི་ཁང་པ་་གསར་པའི་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་སྤེལ་གནང་སོང་།



དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡:༠༠ ཐོག སྨན་རིའི་གཞི་རིམ་སློབ་ཁང་གསར་པའི་ཡང་ཐོག་གི་ཚོགས་ཁང་ཆེན་མོར། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་མཛད་སྒོའི་གཙོ་སྐྱོང་གནང་ཐོག་སྐུ་མགྲོན་གཙོ་བོ་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག སྦྱིན་བདག་ཤར་ལིན་CHARLENE་གཙོས་པའི་སྦྱིན་བདག་རྣམ་པ། གཞན་ཡང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དགོན་པའི་བླ་མ་དགེ་བཤེས་ལས་སྣེ་རྣམ་པ། ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག



བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་འགོ་འཛིན་གྱིས་གཙོས་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་སྣེ་རྣམ་པ། ས་གནས་ཉིན་སློབ་ཀྱི་སློབ་སྤྱི་དང་དགེ་ལས་རྣམ་པ། དེ་བཞིན་བོན་གཞིས་ཀྱི་སེར་སྐྱ་མི་མང་ཡོངས་ལྷན་འཛོམས་ཐོག་སྒོ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཞིང་། ༧སྐྱབས་རྗེ་རྒྱལ་སྨན་རི་བ་མཆོ་ནས་བསྟན་སྦྱིན་ཤར་ལིན་ ཨེང་གྷལ་ཧརཌ Charlene Engelhard མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་རྟགས་དང་། ཁང་པ་གསར་རྒྱག་ཨར་ལས་འགན་ཁུར་བ་རྣམ་པ་གཉིས་སོགས་ལལེགས་གསོལ་གྱི་མགུར་དར་གསོལ་བསྩལ་གནང། བོན་གཞིས་ཉིན་སློབ་ཀྱི་སློབ་མ་རྣམས་ནས་སྲོལ་རྒྱུན་རིག་གཞུང་གླུ་གཞས་ཁག་གསུམ་གཟིགས་འབུལ་ཞུས། དེ་རྗེས་བསྟན་སྦྱིན་རྣམ་གཉིས་ནས་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གི་གསོལ་ཚིགས་རྒྱས་འབུལ་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་སོང་།



གཞན་ཡང་སྦྱིན་བདག་ཤར་ལིན་CHARLENE་མཆོག་དང་ཕྱག་རོགས་རྣམས་ཉིན་ཤས་གོང་ནས་གདན་སར་ཕེབས་འབྱོར་གྱིས། ༧གདན་ས་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གི་གྲྭ་བཙུན་རྣམས་ལ་བསྙེན་བཀུར་མང་ཇ་ཟབ་རྒྱས་དང་། དགོན་པའི་ཕྱི་ནང་གི་ཁོར་ཡུག་དང་ཚོགས་པ་སྡེ་ཚན་ཁག་སོ་སོར་གཟིགས་ཞིབ་ཀྱང་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།















