དེ་ཡང་གནས་ཡུལ་དད་ལྡམ་མི་སྣས་གསོལ་འདེབས་ཞུས་དོན་བཞིན། ༧སྐྱབས་རྗེ་༧ རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ཉི་ཧོང་རྒྱལ་ཁབ་ཏུ་ཕྱི་ལོ་ ༢༠༢༦ ཟླ་༡༡ པའི་ཚེས་པ ༡༣ ནས་ ༢༠ བར་བསྟན་དོན་མཛད་འཕྲིན་བསྐྱངས་གནང་ཡོད་པ་ལྟར། ཕྱི་ལོ་༢༠༢༦ ཟླ་ ༡༡ པའི་ཚེས་ ༡༡ ཉིན། ༧རྒྱལ་བ་སྨན་རི་བ་མཆོག་༸གདན་ས་སྨན་རི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ཆིབས་བསྒྱུར་གནང་ཞིང་། སྐབས་དེར་སྨན་རིའི་སྒྲུབ་ཁང་མདུན་དུ་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེས་གཙོས་རྒྱུན་ལས་རྣམ་པ། གྲྭ་ཚང་གི་རྒྱུན་ལས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། གཡུང་དྲུང་བོན་གྱི་དཔེ་མཛོད་རྒྱུན་ལས། དེ་བཞིན་འབྲེལ་ཡོད་ཚོགས་སྡེ་ཁག་བཅས་ནས་ཕེབས་སྐྱེལ་གཟབ་རྒྱས་ཞུས།ལྡི་ལི་གནམ་ཐང་ཉེ་འགྲམ་དུ་ཞབས་སོར་འཁོད་སྐབས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྐྱབས་རྗེ་མཆོག་ལ་འཚམས་འདྲི་དང་མཇལ་ཁ་ཞུས།


ཚེས་ ༡༣ ཉིན། ཞོགས་པར་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོ་ (Tokyo) ལ་ཞབས་སོར་འཁོད་སྐབས། ཉི་ཧོང་དུ་མཛད་འཕྲིན་འདི་ཉིད་དངོས་སུ་གདན་འདྲེན་ཞུ་མཁན་རྣམ་དཀར་བསྟན་སྦྱིན་ཆེན་མོ་ཨ་ཁི་ཁོ་ (Akiko) ལགས་ཀྱིས་གཙོ་བོ་བྱས་ཏེ། ཨེ་ལི་སི་ (Alice) ལགས་དང་ལྷན་དུ། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་སྣེ་རྣམ་པ། ཉི་ཧོང་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་མཇལ་ཁར་ཆེད་དུ་ཕེབས་པའི་དད་ལྡན་མི་མང་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།དེ་རྗེས། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གདན་འདྲེན་ཞ ུས་པ་ལྟར་སྐྱབས་རྗེ་མཆོག་ལས་ཁུངས་སུ་ཆིབས་བསྒྱུར་བསྐྱངས། སྐུ་ངོ་དོན་གཅོད་མཆོག་ནས་ཉི་ཧོང་སྐུ་ཚབ་དོན་གཅ ོད་ལས་ཁུངས་ཀྱི་ལས་དོན་ཁག་ངོ་སྤྲོད་ཞུས་པ་དང་། ༸སྐྱབས་རྗེ་མཆོག་ནས་ལས་ཁུངས་ཀྱི་ལས་སྣེ་རྣམ་པར་བསྟོད་བསྔགས་དང་བཀའ་སློབ་ལམ་སྟོན་ཟབ་རྒྱས་བསྩལ།



ཚེས་ ༡༤ ཉིན། ཉིན་གུང་ཨ་ཁི་ཁོ་ (Akiko) ལགས་ནས་གྲ་སྒྲིག་ཞུས་པ་བཞིན། ༧རྒྱལ་བ་སྨན་རི་བ་མཆོག་དང་། མི་ཁི་ཧི་རོ་སུ་ཛུ་ཁི་ (Mikihiro Suzuki — ཉི་ཧོང་སོ་ནམ་དང་ཤིང་ནགས། ཉ་ལས་ལྷན་ཁང་གི་སོ་ནམ་ཟས་རིགས་སྲིད་བྱུས་དང་རྒྱལ་སྤྱིའི་རྩ་དོན་ཚན་པ།) དང་། ཆི་ཛུ་ཁོ་ཏེ་ཛུ་ཀ་ (Chizuko Tezuka — ཐང་ཀའི་སྙན་རྩོམ་དང་རིག་གཞུང་ཉམས་ཞིབ་པ། དེ་བཞིན་ཕྱི་ལོ་ ༢༠༡༡ ལོའི་ཉི་ཧོང་ནཱ་ཡི་ཀེན་ཚོགས་པའི་དུས་དེབ་རྩོམ་པ་པོ་དང་ཉམས་ཞིབ་པ།) རྣམ་གཉིས་ཀྱིས་གཙོས་མི་སྣ་འགའ་དང་ལྷན་དུ་ཉིན་གུང་གསོལ་ཚིགས་བཞེས། སྐབས་དེར་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་། ལུས་སེམས་བདེ་ཐང་གནས་ཐབས་ཀྱི་རིག་གཞུང་དང་ཆོ་ག་སོགས་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་ཉི་ཧོང་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་བཀའ་སློབ་ལམ་སྟོན་ལྷུག་པོར་བསྩལ། ཕྱི་དྲོར་ཉི་ཧོང་གི་ཇ་ལུགས་རིག་གནས་ངོ་སྤྲོད་དང་དམིགས་ བསལ་ཇ་ཡི་མཛད་སྒོ་ཞིག་སྐྱབས་རྗེ་མཆོག་ལ་སྤྱན་འབུལ་ཞུས། དེ་ནས་བོད་དང་། རྒྱ་གར། བལ་ཡུལ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཡིན་པའི་དད་ལྡན་མི་མང་རྣམས་ལ་མཇལ་ཁ་བསྩལ།
ཚེས་ ༡༥ ཉིན། ཊོག་ཁྱོ་ (Tokyo) ནས་ན་གོ་ཡ་ (Nagoya) ལ་ཆིབས་བསྒྱུར་གནང་།



ཚེས་ ༡༦ ཉིན། ༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྟོན་འཁོར་ལྷན་རྒྱས་ཉི་ཧོང་གི་ན་གོ་ཡ་ (Nagoya) གྲོང་ཁྱེར་དུ་ཡོད་པའི་ཛེན་ (Zen) དགོན་པ་ཧྥུ་ཀུ་གོན་ཇི་ (Fukugonji Temple / ふくごんじ) ལ་གདན་འདྲེན་ཞུས་ཏེ། ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་གསོལ་ཇ་འབུལ་བཞེས་གྲུབ་མཚམས། ༧རྒྱལ་བ་སྨན་རི་བ་མཆོག་ནས་ཛེན་དགོན་པ་ཧྥུ་ཀུ་གོན་ཇི་ (Fukugonji Temple) ལ་རྗེ་ཏ་པི་ཧྲི་ཙའི་ཞལ་ཐང་བྲིས་མ་ཞིག་དང་། ༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་རྣམ་ཐར་འབྲིང་པོ་ «མདོ་གཟེར་མིག་» དང་། བསྡུས་པ་ «མདོ་འདུས་» བཅས་རྒྱལ་བའི་བཀའ་རིན་པོ་ཆེ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་མཚོན་རྟགས་བཀ ྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཅས་བྱིན་རྟེན་དུ་བསྩལ། དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བྱུང་རིམ་ལོ་རྒྱུས་དང་གདན་ས་སྨན་རིའི་སྐོར། སྨན་རིའི་ཁྲི་རབས་སྐོར་བཅས་ངོ་སྤྲོད་གནང་བ་དང་། ཛེན་ (Zen) ནང་ཆོས་ཀྱི་བླ་མ་ཨོ་ཤོ་ཏའི་གུ་ (Osho Taigu / 大愚和尚) མཆོག་ནས་ཛེན་ནང་ཆོས་ཀྱི་བྱུང་རིམ་ལོ་རྒྱུས་དང་། ཧྥུ་ཀུ་གོན་ཇི་དགོན་པའི་མཁན་རབས་རིམ་བྱོན་དང་ཁོང་མཁན་པོ་ཁྲི་རབས་ ༣༡ པར་ཕེབས་པའི་སྐོར་ངོ་སྤྲོད་གནང་སྟེ། ཕན་ཚུན་བགྲོ་གླེང་དང་བཀའ་མོལ་ལྷུག་པོར་གནང་།


དམིགས་བསལ་གྱི་རྟེན་འབྲེལ་ཞིག་ལ། ༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་ཛེན་ནང་ཆོས་ཀྱི་བླ་མ་ཨོ་ཤོ་ཏའི་གུ་རྣམ་གཉིས་དགུང་ལོ་མཉམ་པ་མ་ཟད། དགོན་པ་སོ་སོ་ཕྱག་བཏབ་པའི་དུས་ཚོད་ཀྱང་ཧ་ཅང་ཉེ་བ་ཡོད་པས། ལས་དང་སྨོན་ལམ་གྱི་རྟེན་འབྲེལ་ཡ་མཚན་པ་ཞིག་རང་བཞིན་གྱིས་འགྲིགས།
དེ་ནས་ཉིན་གུང་གསོལ་ཚིགས་བཞེས་པ་དང་། དགོན་པའི་ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་། ཉིན་རྒྱབ་ཞབས་ཕྱི་བ་སྨན་པ་གཡུང་དྲུང་འོད་ཟེར་ལགས་ནས་བོད་ཀྱི་གསོ་བ་རིག་པའི་སྐོར་དང་། ཁྱད་པར་དུ་༧གདན་ས་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྐོར་ངོ་སྤྲོད་གཟབ་རྒྱས་ཞུས།



ཚེས་ ༡༧ ཉིན། ཧྥུ་ཀུ་གོན་ཇི་དགོན་པར་ (Fukugonji Temple) ས་གནས་ཀྱི་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཡིན་པའི་དད་ལྡན་མི་མང་། བོད་རིགས་བཅས་མཉམ་འཛོམས་བྱུང་ཞིང་། དེར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་ཉི་ཧོང ་དགོན་པའི་བླ་གྲྭ་རྣམ་པ་དང་དད་ལྡན་མི་མང་བཅས་ལ་ «ཚེ་སྒྲུབ་བྱ་རི་མའི་བཀའ་དབང་» ཟབ་མོ་བསྩལ།



དེ་རྗེས་༧རྒྱལ་བ་སྨན་རི་བ་མཆོག་དང་ཛེན་བླ་མ་རྣམ་གཉིས་བར་ཕན་ཚུ ཾན་འབྲེལ་བ་ཟབ་མོ་འཛུགས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་ཞིང་། བཀའ་མོལ་དང་བགྲོ་གླེང་གཟབ་རྒྱས་གནང་། སྐབས་དེར་དད་ལྡན་མི་མང་ཕོན་ཆེན་འདུས་ཤིང་ཚང་མར་དགའ་སྤྲོ་ཆེན་པོ་བྱུང་། ཉིན་རྒྱབ་ན་གོ་ཡ་ (Nagoya) ནས་ཁྱོ་ཊོ་ (Kyoto) ལ་ཆིབས་བསྒྱུར་གནང་།


ཚེས་ ༡༨ ཉིན། ཁྱོ་ཊོ་ (Kyoto) ནས་ཉི་ཧོང་ནང་ཆོས་ཀྱི་གནས་རི་གྲགས་ཅན་ཧི་ཨེ་ཛན་ (Hieizan / 比叡山) ལ་ཆེད་དུ་ཆིབས་བསྒྱུར་གནང་སྟེ། རི་རྩེར་གནས་པའི་དགོན་པ་ཁག་ཅིག་ལ་མཆོད་མཇལ་ཞུས། དེ་བཞིན་རི་རྩེའི་སྤང་ལྗོངས་དང་མཚོ། འོ་ཚུ་ (Otsu) གྲོང་ཁྱེར་སོགས་ཀྱི་མཛེས་ལྗོངས་ལ་གཟིགས་སྐོར་གནང་སྟེ་ཐུགས་ལྷོད་བབས་ངང་སྐུ་ངལ་གསོས།



ཉིན་རྒྱབ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་མཁས་དབང་རྣམ་པ་དང་། ཉི་ཧོང་དུ་གནས་སྡོད་བོད་ཀྱི་མཁས་དབང་རྣམ་པར་མཇལ་ ཁ་བསྩལ་ཏེ་བཀའ་སློབ་དང་བགྲོ་གླེང་ལྷུག་པོར་གནང་།



ཚེས་ ༡༩ ཉིན། ཡོན་བདག་གིས་གཙོས་འབྲེལ་ཡོད་མི་སྣ་རྣམ་པ་དང་ལྷན་དུ་ཉི་ཧོང་གི་ཁྱོ་ཊོ་ (Kyoto) གྲོང་ཁྱེར་ནང་གི་དགོན་པ་དང་གནས་རྟེན་ཁག་ལ་མཆོད་མཇལ་གནང་།




ཚེས་ ༢༠ ཉིན། ཉི་ཧོང་གི་གྲགས་ཅན་གནའ་བོའི་རིག་གནས་དང་འབྲེལ་བའི་གོས་ཆེན་ འཐག་བཟོའི་ལས་རིགས་ཀྱི་ཡོན་བདག་ཁྱོ་ཊོའི་ཁ་ཛུ་ཁོ་ཏ་ཚུ་མུ་ར་ (Kazuko Tatsumura) ལགས་ཀྱི་ནང་མི་ནས་གདན་འདྲེན་ཞུས་པ་ལྟར། ཁོང་གི་ནང་མི་དང་ལས་བྱེད་རྣམ་པར་མཇལ་འཕྲད་གནང་། དེར་ཁོང་ཚོའི་གོས་ཆེན་འཐག་བཟོའི་རིག་གནས་ངོ་སྤྲོད་ཞུས་པ་དང་། ལྷག་པར་དུ་ཁ་ཛུ་ཁོ་ཏ་ཚུ་མུ་ར་ལགས་དང་༧སྐྱབས་རྗེ་ཞིང་གཤེགས་དམ་པ་ཁྲི་འཛིན་སོ་གསུམ ་པ་མཆོག་རྣམ་གཉིས་བར་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པའི་སྐོར་ཡང་ངོ་སྤྲོད་གཟབ་རྒྱས་ཞུས།
ཚེས་ ༢༡ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཚེས་ ༢༢ ཉིན། སླར་ཡང་རང་དགོན་གདན་ས་སྨན་རིའི་གླིང་དུ་ཞབས་ས ོར་བདེ་བར་འཁོད་པའི་མཛད་འཕྲིན་མདོར་བསྡུས་སོ།།
གནས་ཚུལ་མཁོ་སྤྲོད་པ། ཞབས་ཕྱི་བ་དགེ་བཤེས་བཤད་སྒྲུབ་བསྟན་འཛིན།










