དེ་རིང་བོད་མེ་རྟ་ལོའི་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག། ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༢༥ ཉིན། གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་སྨན་རིའི་གཞི་རིམ་ནས་བཤད་གྲྭར་གསར་ཞུགས་གནང་མཁན་སློབ་མ་ཁག་ཅིག་ལ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་རྟེན་འབྲེལ་ཕྱག་རྟགས་དང་བཀའ་སློབ་བསྩལ་གནང་སོང་།


སྨན་རིའི་གཞི་རིམ་གྱི་རྒན་ལགས་དགེ་བཤེས་བསོད་ནམས་བློ་གྲོས་ལགས་དང་། བཤད་སྡེའི་ཚོགས་གཙོ། དགེ་སྐོས་བཅས་ཀྱིས་ལྷན་དུ་བཤད་གྲྭར་གསར་ཞུགས་གནང་མཁན་སློབ་མ་རྣམས་ཁྲིད་དེ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་མཇལ་བཅར་ཞུས། དེ་སྐབས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཤད་གྲྭའི་དཔེ་ཁྲིད་རྣམས་རྟེན་འབྲེལ་གྱི་ཚུལ་དུ་དབུ་འཛུགས་གནང་སོང་།


སློབ་མ་རྣམས་སྨན་རིའི་གཞི་རིམ་སློབ་གྲྭར་བཞུགས་རིང་། བོད་ཡིག་སྦྱོར་ཀློག་དང་། མིང་གཞི། སུམ་རྟགས། དབྱིན་ཡིག་འབྲི་ཀློག་བཅས་སློབ་སྦྱོང་གནང་བ་མ་ཟད། རྔ་བརྡུང་དང་རོལ་མོ་སོགས་ཀྱང་བསླབས་ཡོད། ད་ལྟ་སྨན་རིའི་གཞི་རིམ་གྱི་སློབ་སྦྱོང་མཐར་སོན་ཏེ་བཤད་གྲྭར་གསར་ཞུགས་གནང་བར་བརྟེན། ཁ་སང་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་སློབ་མ་རྣམས་གཞི་རིམ་གྱི་སློབ་སྦྱོང་མཐར་སོན་ཏེ་བཤད་གྲྭར་ཞུགས་པར་རྟེན་འབྲེལ་གྱི་ཕྱག་རྟགས་བསྩལ་གནང་བ་མ་ཟད། མ་འོངས་པར་སློབ་སྦྱོང་ལ་འབད་བརྩོན་དང་། ཀུན་སྤྱོད་བཟང་པོ་བཅས་ལ་གཙིགས་ཆེར་བཟུང་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་སོང་།རྟེན་འབྲེལ་མགུར་དར་ཡང་བསྩལ་གནང་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།












