མི་སྣ་ལ་དབྱེ་ན། ལྷ་སྒྲུང་ལས་བཤད་པའི་མི་སྣ་དང་། ལོ་རྒྱུས་ལས་བཤད་པའི་མི་སྣ་གཉིས་སོ། །མི་མང་པོ་ཞིག་གིས་སྟོན་པ་གཤེན་རབ་མི་བོ་དེ་ལྷ་སྒྲུང་ལས་བཤད་པའི་མི་སྣ་ཞིག་ལ་ཁས་བླངས་ཀྱིན་འདུག མི་ལ་ལས་སྟོན་པ་གཤེན་རབ་མི་བོ་དེ་ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་ཁས་བླངས་འདུག ཡང་ལ་ལས་སྟོན་པ་གཤེན་རབ་མི་བོ་དེ་ངན་སྔགས་མཐུ་ཅན་ཞིག་ལ་ཁས་ལེན་འདུག ཡང་མི་མང་ཕྱོགས་ཞིག་གིས་སྟོན་པ་གཤེན་རབ་མི་བོ་དེ་འཇིག་རྟེན་སྐྱོབ་པའི་མགོན་པོ་སངས་རྒྱས་ཞིག་ལ་ངོས་འཛིན་འདུག འོན་ཀྱང་ང་རང་ཡིག་ཆ་མང་པོ་ཞིག་ལ་བལྟ་རྟོག་བྱས་པ་ལས་བྱུང་བའི་གོ་རྟོགས་ལ། སྟོན་པ་གཤེན་རབ་མི་བོ་དེ་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པར་ངེས་ཤེས་འཆར། རྒྱུ་མཚན་ནི། སྟོན་པ་གཤེན་རབ་མི་བོ་ལོ་རྒྱུས་ཀྱི་མི་སྣ་ཡིན་པའི་ཁྱད་བོན་དགུ་དང་ལྡན་པ་སྟེ།
གཅིག་འཁྲུངས་ཡུལ་ལ། སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཡུལ་དེ་གནའ་བོའི་ཞང་ཞུང་འོལ་མོ་ལུང་རིང་གི་རྒྱལ་ཁམས་ཡིན་པ་ཐག་ཆོད། དེ་ནི་དེང་སང་མངའ་རིས་ས་ཆ། འཛམ་གླིང་སའི་ལྟེ་བ་གངས་རྒྱལ་ཏི་སེའི་འགྲམ། མཁར་བར་པོ་སོ་བརྒྱད་དུ་འབོད་པའི་ཡུལ་དེར་སྟོན་པ་གཤེན་རབ་མི་བོ་སྐུ་བལྟམས།
གཉིས་པ་ཡབ་ཡུམ་ལ། སྟོན་པ་གཤེན་རབ་མི་བོ་དེ་ཡབ་ཞང་ཞུང་གི་རྒྱལ་པོ་རྒྱ་བོན་ཐོད་དཀར་དང་། ཡུམ་བྱམས་མ་རྣམ་སྤྲུལ་ཡུམ་ཆེན་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས།
གསུམ་པ་འཁྲུངས་དུས་ལ། སྟོན་པ་གཤེན་རབ་མི་བོ་ནི་སྤྱི་ལོ་སྔོན་གྱི་༡༦༠༡༧ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་ལ་སྐུ་བལྟམས། དེའི་དུས་ཡབ་རྒྱ་བོན་ཐོད་དཀར་གྱིས་མཚན་མཁན་བྲམ་ཟེ་གདན་དྲངས་ནས་སྐུ་ལ་མཚན་གསོལ་དུ་འཇུག མཚན་མཁན་བྲམ་ཟེས་རྒྱལ་བུའི་སྐུ་ལ་ཞིབ་ཏུ་བརྟག་རྗེས་བསྟོད་བསྔགས་བཅས་གསུང་དོན། རྒྱལ་བུ་ནི་གཞན་དང་མི་འདྲ་བ་སྤྲུལ་པའི་སྐུ་ལགས་སོ། །མཚན་སྟོན་པ་གཤེན་རབ་མི་བོ་ཞེས་གསོལ། གཤེན་ནི་རིགས་རུས། རབ་ནི་མཆོག་གམ་མགོན་དུ་གྱུར་བ། མི་བོ་ནི་རླབས་ཆེན་པའི་མི་ཆེ་བོ། མདོར་བསྡུས་ན། སྟོན་པ་གཤེན་རབ་མི་བོ་ནི་དམུ་རུས་གཤེན་ལས་འཁྲུངས་པའི་སྟོན་པ་བླ་ན་མེད་པའམ་སངས་རྒྱས། ཡང་ན་རླབས་ཆེན་པའི་མི་སྣ་ཞིག་གོ །
བཞི་བ་ཁྱིམ་གཞི་ལ། སྟོན་པ་གཤེན་རབ་མི་བོ་སྐུ་ཆུང་ནས་ཡབ་ཀྱི་རྒྱལ་སྲིད་བཟུང་སྟེ་ཞང་ཞུང་གི་རྒྱལ་པོར་གྱུར། སྐབས་དེའི་མི་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཞང་ཞུང་རྒྱལ་པོ་ཞེས་འབོད། སྟོན་པ་གཤེན་རབ་མི་བོས་ཞང་ཞུང་རྒྱལ་པོའི་ཚུལ་མཛད་དེ། སྔོན་རྒྱལ་ཁབ་བཅུའི་སྲས་མོ་ཁབ་ཏུ་བཞེས་པའི་ཚུལ་མཛད་དེ། དཔེར་ན། ཧོར་རྒྱལ་གྱི་སྲས་མོ་ཧོར་བཟའ་རྒྱལ་མེད་མ་དང་། རྐོང་རྗེའི་བཙུན་མོ་རྐོང་བཟའ་ཁྲི་ལྕམ། རྒྱ་རྗེའི་བཙུན་མོ་རྒྱ་བཟའ་ཀོང་ཇོ་སོགས་ཁབ་ཏུ་བཞེས་པའི་ཚུལ་མཛད།
ལྔ་བ་བུ་རྒྱུད་ལ། སྟོན་པ་གཤེན་རབ་མི་བོ་ལ་སྐུ་སྲས་བརྒྱད་དང་། སྲས་མོ་གཉིས་བཅས་ཏེ། དཔེར་ན། ཧོར་བཟའ་རྒྱལ་མེད་མ་ལ་སྲས་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་ཏེ་བུ་གཉིས་འཁྲུངས། དཔོ་བཟའ་ཐང་མོ་ལ་ལུང་འདྲེན་གསལ་བ་དང་རྒྱུད་འདྲེན་སྒྲོལ་མ་གཉིས་འཁྲུངས། གསས་བཟའ་ངང་རིང་ལ་འོལ་དྲུག་ཐང་པོ་འཁྲུངས། རྐོང་བཟའ་ཁྲི་ལྕམ་ལ་གཡུང་དྲུང་དབང་ལྡན་འཁྲུངས། རྒྱ་བཟའ་ཀོང་ཇོ་ལ་ཀོང་བུ་འཕྲུལ་ཆུང་འཁྲུངས། ལྷ་གནས་ཕྱ་བཟའ་གུང་དྲུག་ལ་མུ་ཆོ་ལྡེམ་དྲུག་འཁྲུངས་པ་བཅས་སྐུ་སྲས་ཡོད།
དྲུག་པ་འཕྲིན་ལས་ལ། སྟོན་པ་གཤེན་རབ་མི་བོ་སྐྱེ་བ་བཞེས་ཚུལ་བསྟན་པ་ནས་དགུང་ལོ་སོ་གཅིག་གི་བར་དེར་རྒྱལ་པོའམ་ཁྱིམ་གཞི་འཛིན་པའི་ཚུལ་བསྟན། ཞང་ཞུང་རྒྱལ་པོའི་རྣམ་པར་མཛད་དེ་གནའ་རབས་ཞང་ཞུང་རྒྱལ་ཁབ་ཆེ་ཆུང་ཐམས་ཅད༼ཕྱིས་སུ་རྒྱལ་ཁབ་བཅོ་བརྒྱད་དུ་གྲགས༽དབང་དུ་བསྒྱུར། ཁོས་གཙོ་བོ་ལས་རྒྱུ་འབྲས་ཀྱི་བོན་ལ་བརྟེན་ནས་རྒྱལ་སྲིད་བསྐྱངས་པར་མཛད། རིག་པའི་གནས་ལྔ༼བཟོ། སྒྲ། གསོ་བ། ཚད་མ། ནང་དོན་རིག་པ།༽དང་ཐེག་པ་རིམ་དགུ་བཅས་སྲོལ་གཏོད་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ། སྟོན་པ་གཤེན་རབ་མི་བོས་རྒྱུན་དུ་གསུང་དོན་ནི། དགེ་བའི་འབྲས་བུ་བདེ་བ། སྡིག་པའི་འབྲས་བུ་སྡུག་བསྔལ། སྟོན་པ་གཤེན་རབ་མི་བོས་རྒྱལ་སྲིད་བསྐྱངས་པ་དེ་ཉམ་ཆུང་མགོ་གནོན་མ་ཡིན་ལ། མཉམ་འབྲེལ་མཐུན་སྒྲིལ་གྱི་སྒོ་ནས་འཛམ་གླིང་ཞི་བདེ་བསྒྲུབ་པའི་བསམ་བློ་སོགས་འགྲོ་བ་སྤྱི་ལ་ཕན་པའི་བཀའ་སྒོ་བསྟན། གཞན་སྟོན་པ་གཤེན་རབ་མི་བོས་ཁྱིམ་པ་ཕོ་མོ་ལ་རྒྱུན་དུ་བསླབ་བྱ་བཏང་ཚུལ་ནི། འཇིག་རྟེན་གྱི་ཆོས་སྒྲུབ་པ་ལ་མི་སེམས་བཟང་དང་ལས་དཀར་པོ་དགེ་བའི་ལས་ལ་འབད་དགོས་ཚུལ་དང་། དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་སོགས་ཀྱི་བཀའ་སློབ་མཛད། སྟོན་པ་གཤེན་རབ་མི་བོ་དགུང་ལོ་སོ་གཅིག་ནས་བཟུང་སྟེ། རབ་བྱུང་གི་རྣམ་པར་བཟུང་སྟེ་ཁྱིམ་སྤང་རབ་ཏུ་བྱུང་། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ནས་འདུལ་ཁྲིམས་ཀྱི་སྡོམ་པ་བསྲུང་། བྱ་སྤྲེའུ་མི་གསུམ་གྱི་དཀའ་ཐུབ་ལོ་དགུ་མཛད། གཞན་བོན་སྒོ་བཞི་མཛོད་ལྔ་དང་། ཕྱི་འདུལ་བ་མདོ། ནང་གསང་བ་སྔགས། གསང་བ་རྫོགས་པ་ཆེན་པོའི་བོན་བཅས་རིམ་བཞིན་བསྟན། དེ་དག་ནི་ཐར་པ་དོན་གཉེར་གྱི་དད་ལྡན་སེམས་ཅན་རྣམས་དང་རབ་བྱུང་དགེ་སེམས་ཅན་བཅས་འགྲོ་བ་སེམས་ཅན་ཁོ་ནའི་ཆེད་དུ་གསུངས་པའོ། །ཁོང་གི་གཙོ་བོ་མཛད་ཕྲིན་ནི། གཡུང་དྲུང་བོན་ལ་བརྟེན་ནས་མཁའ་ཁྱབ་འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་བའི་ལམ་དུ་འདྲེན་པ་མཛད་པའོ། །
བདུན་པ་སྟོན་པ་གཤེན་རབ་མི་བོའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་དང་། བརྗོད་ཀྱིས་མི་ལངས་སོ། །རྒྱུ་མཚན་ནི། མཛད་པ་ཆེན་པོ་བཅུ་གཉིས་དང་། མཛད་པ་འབྲིང་པོ་དྲུག་ཅུ། མཛད་ཕྲན་བརྒྱ་དང་རྩ་བརྒྱད་སོགས་མཛད་པ་ཐམས་ཅད་བསམ་ལས་འདས་སོ། །ཁོང་གི་ཡོན་ཏན་རླབས་ཆེན་པོ་དེ་ནི། རིག་པའི་གནས་ལྔའི་སྲོལ་བཏོད་པ་དང་། ནང་རིག་པའི་ཁོངས་སུ་གཏོགས་པའི་མདོ་ལུགས། སྔགས་ལུགས། རྫོགས་ཆེན་ལུགས་ཀྱི་བོན་བསྟན་པ་དང་། གཞན་དུ་ཞང་ཞུང་ན་ངན་གྲགས་ཅན་གཏོ་བུ་དོད་དེ་སོགས་བསྒྲལ་བའི་ཞིང་བཅུར་གྱུར་བའི་མཐུ་བོ་མི་དགུ་ཐར་ལམ་དྲངས་པ་དང་། བདུད་རྗེ་ཁྱབ་པ་སོགས་ནག་པོའི་ལས་ལ་ཕྱོགས་པའི་བདུད་རིགས་འབུམ་ཕྲག་བདེ་བའི་ལམ་ལ་དྲངས་པ། རྒྱལ་ཕྲན་དང་ཡུལ་སྡེ་སུམ་ཅུ་ལྷག་བར་གྱི་འགལ་བའི་མདུད་པ་བཀྲོལ་བ་སོགས་དང་། ལས་འབྲས་ཀྱི་རྣམ་བཞག་དེ་ཞང་ཞུང་། བོད། སྟག་གཟིག་ལ་སོགས་རྒྱལ་ཁབ་མང་པོའི་ཡུལ་དུ་སྤེལ་བ་མཛད། གཞན་དུ། ཁོང་ཉིད་ཀྱིས་ཞང་ཞུང་དང་བོད་ཀྱི་ཡི་གེ། རིག་གནས། བོན་ཆོས་སོགས་གསར་སྤེལ་མཛད་པ། བོན་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་མཐར་ཐུག་སངས་རྒྱས་ཀྱི་གོང་འཕང་ཐོབ་པའི་མཛད་པ་སོགས་ནི་ཐུན་མིན་གྱི་ཡོན་ཏན་ནོ། །
བརྒྱད་པ་རྒྱུད་འཛིན་ལ། སྟོན་པ་གཤེན་རབ་མི་བོའི་སྐུ་སྲས་བརྒྱད་ལས་མང་ཕྱོགས་དེ་རབ་ཏུ་བྱུང་བ་མཛད། གཡུང་དྲུང་དབང་ལྡན་ནི་ཁྱིམ་པ་བ་ཡིན་པས་ཁོང་ཁྱིམ་གཞི་འཛིན་ནས་རྒྱུད་པ་སྤེལ། ཁོང་གི་རུས་རྒྱུད་ད་ལྟ་བར་དུ་གནས་ཡོད། ལྷ་ས་གཤེན་ཚང་དེ་སྟོན་པ་གཤེན་རབ་མི་བོའི་སྐུ་སྲས་གཡུང་དྲུང་དབང་ལྡན་གྱི་རྒྱུད་པ་མ་ཆད་པ་ཡིན་པར་འདོད། གཞན་དུ་སངས་རྒྱས་ཀྱི་བོན་ཕྱོགས་ནས་བརྗོད་ན། སྟོན་པ་གཤེན་རབ་མི་བོ་སློབ་མ་མཆོག་གྱུར་བཅུ་གསུམ། ཁོང་དག་གི་ཤེས་རབ་ནི་སངས་རྒྱས་དང་ཆ་འདྲ་ལ། གཞན་ཡེ་གཤེན་སུམ་བརྒྱ་དྲུག་ཅུ། བྱང་ཆུབ་སེམས་དཔའ་ལྔ་སྟོང་། སྨིན་གྲོལ་གྱི་སློབ་མ་ཁྲི་ཕྲག་དུ་མ་བཅས་སོ། །དེ་ལས་གཞན་པའི་ཤཱཀྱ་ཐུབ་པའི་སྐྱེ་བ་སྔ་མ་ལྷ་བུ་དམ་པ་ཏོག་དཀར་སོགས་ས་གནས་གཡུང་དྲུང་སེམས་དཔའ་གྲངས་མེད་ཅིང་བརྗོད་ཀྱིས་མི་ལངས་སོ། །
དགུ་བ་སྐུ་གཤེགས་ལ། སོ་སོར་སྐྱེ་བོས་བརྗོད་པའི་ཤི་བ་དང་། འཕགས་པས་བརྗོད་པའི་མྱ་ངན་ལས་འདས་པ། གོང་ལྟར་ཡང་སྐུ་གཤེགས་པ་དེའོ། །སྟོན་པ་གཤེན་རབ་མི་བོ་དགུང་ལོ་གྱ་གཉིས་སྟེང་ལ་མྱ་ངན་ལས་འདས་སོ། །མྱ་ངན་འདས་རྗེས་ཁོང་གི་སློབ་མ་དག་གྲོས་བྱས་ཏེ་སྐུ་གདུང་མེ་ལ་བཞུད། སྐུ་བཞུད་རྗེས་གདུང་རུས་ལ་རིང་སྲེལ་ཆེ་བ་གསུམ། འབྲིང་བརྒྱ་དང་རྩ་བརྒྱད། ཆུང་བ་སྟོང་ཕྲག་སོགས་གྲངས་མང་ངོ་། །
རྗེས་སུ་སློབ་མ་རྣམས་ཀྱིས་ཞང་ཞུང་། བོད། རྒྱ་གར། རྒྱ་ནག སྟག་གཟིག་སོགས་ཡུལ་གྲུ་མང་པོར་སྐུ་གདུང་མཆོད་རྟེན་བརྒྱ་དང་ཉི་ཤུ་ལྷག་བཞེངས་སོ། །སྟོན་པ་གཤེན་རབ་མི་བོ་མྱ་ངན་འདས་རྗེས་སུ་ཞལ་སློབ་རྣམས་ཀྱིས་སྟོན་པའི་གསུངས་པའི་བོན་སྒོ་དག་མདོ་འབུམ་རྒྱུད་མཛོད་བཞིར་དབྱེ། མདོ་ནི་གཙོ་བོ་འདུལ་བའི་སྐོར། འབུམ་ནི་གཙོ་བོ་ཕར་ཕྱིན་སྐོར། རྒྱུད་ནི་གཙོ་བོ་གསང་སྔགས་སྐོར། མཛོད་ནི་གཙོ་བོ་སེམས་ཕྱོགས་ཏེ་རྫོགས་པ་ཆེན་པོའི་སྐོར། སྟོན་པ་གཤེན་རབ་མི་བོའི་སློབ་མ་མཆོག་གྱུར་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གི་ཞལ་སློབ་འཛམ་གླིང་མཁས་པ་རྒྱན་དྲུག་གིས་བོན་བསྟན་དེ་འཛམ་གླིང་ཡུལ་གྲུ་ཆེན་པོ་དྲུག་སོགས་ཡུལ་སྡེ་མང་པོར་སྤེལ་ལོ། །སླར་ཡང་འཛམ་གླིང་ཡུལ་གྲུ་མང་པོར་ས་ཁྱབ་རྡོ་ཁྱབ་ཏུ་འཕེལ་རྒྱས་བྱུང་། ཀྲུང་གོ་ལ་མཚོན་ན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་སྟོན་པ་གཤེན་རབ་མི་བོས་སྲོལ་བཏོད་པའི་གཡུང་དྲུང་བོན་དེ་གནའ་རབས་ཞང་ཞུང་སངས་རྒྱས་ཆོས་ལུགས་ཁས་བླང་ནས་བོན་པོའི་རྒྱལ་བའི་བཀའ་རིན་པོ་ཆེ་རྒྱ་ནག་སྐད་དུ་བསྒྱུར་རྒྱུ་ལག་ལེན་བསྟར་བཞིན་པ་སོགས་ནི་སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་དངོས་ཡོད་རིག་གནས་ལ་བརྟེན་ནས་སྟོན་པ་གཤེན་རབ་མི་བོ་དེ་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་རང་བཞིན་གྱིས་བསྟན་པ་དང་། སྟོན་པ་གཤེན་རབ་མི་བོས་སྲོལ་བཏོད་པའི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་མ་མ་ཡིན་པ་དང་། ཁོང་གིས་སྲོལ་བཏོད་པའི་བོན་ཆོས་ནི་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་དང་རྫོགས་ཆེན་གྱི་འབྱུང་ཁུངས་ཡིན་ནོ། །
ཞེས་པ་འདི་ཡང་སེང་གེ་སྤྲུལ་སྐུས་མཛད།
རིག་འཛིན་རྡོ་རྗེས་བསྐུར་གནང་།