རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་དད་དམ་གཡོ་བ་མེད་པའི་རྒྱ་ཆེའི་བོན་འབངས་ཡོངས་ལ་གསལ་བསྒྲགས།
ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་དུས་ཚེས་ནི་ཕྱི་ལོ་༢༠༡༦ཕྱི་ཟླ་༡༠ཚེས་༣༡ནས་ཟླ་བ་༡༡པའི་ཚེས་༢ཉིན་བར་ཉིན་གསུམ་གྱི་རིང་ཡིན་པ་ལྟར། བརྟན་བཞུགས་ཉིན་གསུམ་རིང་གྱི་མཛད་རིམ་གཤམ་གསལ་ལྟར་ཡིན།
མཛད་རིམ་གསལ་བསྡུས་གཤམ་གསལ་ལྟར་ཡིན།
༄༅། །༸ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་མཎྜལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་ཁག་གཤམ་གསལ།
ཉིན་གྲངས་དང་ཟླ་ཚེས། | མཛད་རིམ་ཁག |
ཉིན་དང་པོ། ༢༠༡༦།༡༠་༣༡། |
ཐོག་མར་ཞོགས་པ་ཆུ་ཚོད་༩་པའི་སྟེང་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམ་པ་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་བཀའ་འཁྲིད་བསྩལ་གནང་རྒྱུ། |
སྔ་དྲོའི་ཕྱག་ཚོད་༡༠་པ་ནས་དགེ་འདུན་པ་རྣམས་ཀྱིས་༸དཔལ་གཤེན་བསྟན་སྨན་རིའི་འདུལ་ཁང་དུ་གསུང་རབ་མདོ་འབུམ་ལྗགས་ཀློག་གནང་རྒྱུ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ལམ་འཕྲང་བཅོས་པ་དང་། ཚ་ཚ་གདབ་པ་སོགས་རྒྱུན་བཞིའི་གེགས་སེལ་རིགས་ཇི་འགབ་གནང་རྒྱུ། | |
ཉིན་གཉིས་པ། ༢༠༡༦།༡༡།༡། |
སྐུ་ཡི་བླ་གཟའི་ཉིན་ཞོགས་པ་ཕྱག་ཚོད་༨་པའི་སྟེང་སྐྱ་སེར་མི་མང་ཚང་མ་ལྷ་རྒྱལ་རི་རྩེར་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་བོན་སྐྱོང་གི་ཚོགས་ལ་བསང་གསོལ་རྒྱས་འབུལ་དང་འབྲེལ་རླུང་དར་སྒྲོན་འཛུགས་དང་ཀི་བསྭོ་ལྷ་རྒྱལ་གནང་རྒྱུ། |
སྔ་དྲོ་ཕྱག་ཚོད་༡༠་པའི་ཐོག་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་༸དཔལ་ལྡན་སྨན་རིའི་བླ་བྲང་ནས་སྤྱན་རྒྱ་སྤོས་སྣེས་དྲངས་ཏེ་འདུལ་ཁང་གི་རིན་ཆེན་གཅན་ལྔས་བཏེགས་པའི་གསེར་ཁྲིར་བཞུགས་སུ་གསོལ་བ་དང་འབྲེལ་དངོས་གཞིའི་བརྟན་བཞུགས་དབུ་འཛུགས་ཀྱིས་ཆོག་གཞུང་གི་ཚིག་བཤད་ལྟར་འབུལ་ཚན་ཁག་རིམ་བཞིན་འདེགས་འབུལ་དང་མཇལ་ཁ་ཞུ་རྒྱུ། | |
ཕྱི་དྲོ་ཕྱག་ཚོད་༤་པའི་ཐོག་བརྟན་བཞུགས་གོ་སྒྲིག་ཚོགས་མི་ལྷན་རྒྱས་༸དཔལ་ལྡན་སྨན་རིའི་བླ་བྲང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་མཇལ་བཅར་དང་འབྲེལ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་དང་། ཐུགས་རྗེ་ལེགས་གསོལ་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་དམ་རྫས་བྱིན་མདུད་བཅས་གསོལ་རས་བསྩལ་གནང་རྒྱུ། | |
ཉིན་གསུམ་པ། ༢༠༡༦།༡༡།༢། |
ཞོགས་པ་ཕྱག་ཚོད་༩་པའི་སྟེང་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་རྒྱུ། |
ཉིན་གུང་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ཡོངས་ལ་གཏང་རག་གི་གསོལ་ཚིགས་རྒྱལ་འབུལ་ཞུ་རྒྱུ། | |
ཉིན་རྒྱབ་ཕྱག་ཚོད་༢་དང་སྐར་མ་༣༠་ཐོག་བོན་ཕྲུག་བདེ་དོན་རྩེད་ཐང་གི་ཚོགས་གུར་ནང་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ལྷན་འཛོམས་ཐོག་བྲོ་གླུ་གཞས་གསུམ་ཁག་གཟིགས་འབུལ་ཞུ་རྒྱུ། (མཛད་རིམ་ཞིབ་ཕྲ་ཟུར་དུ་ཡོད།) | |
དགོང་མོ་ཕྱག་ཚོད་༧དང་སྐར་མ་༣༠་སྟེང་༸དཔལ་ལྡན་སྨན་རིའི་བླ་བྲང་ནས་བརྟན་བཞུགས་གོ་སྒྲིག་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་གསོལ་ཚིགས་གནང་རྒྱུ། |
གསལ་བཤད། གོང་གསལ་མཛད་རིམ་ནང་དངོས་གཞི་ཉིན་གསུམ་གྱི་བྱེད་སྒོ་ཁག་མ་གཏོགས་དེའི་སྔོན་དུ་དགེ་བའི་བཤེས་གཉེན་རྣམ་པ་བདུན་ཕྲག་གཅིག་རིང་དྲན་པ་ཚེ་སྒྲུབ་ཀྱི་སྒྲུབ་ཞག་ལ་བཞུགས་རྒྱུ་སོགས་ཚུད་མེད།
གང་གི་བདེན་ཚིག་རྟེན་འབྲེལ་བསླུ་མེད་ཀྱིས། །གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བའི། །
མདོ་སྔགས་བསྟན་པའི་བ་དན་མངོན་མཐོ་ཞིང་། །སྲིད་མཐའི་བར་དུ་ཡུན་རིང་གནས་གྱུར་ཅིག །