གར་ཞྭ་བ་ཚེ་རིང་རྡོ་རྗེ།
བོན་ལུགས་ཀྱི་སྔོན་གྱི་ལོ་རྒྱུས་ཁག་མང་པོ་ཞིག་གི་ནང༌། ཞང་ཞུང་གི་རྒྱལ་ཁབ་ཆེན་པོ་ཡོད་པ་དང༌། དེའི་ཤེས་རིག་གི་སྐོར་མང་པོ་ཞིག་འཁོད་ཡོད་པ་རེད། ཁྱད་པར་དུ་ཞང་ཞུང་གི་སྐད་ཀྱི་བརྒྱུད་ནས་བོན་ལུགས་ཀྱི་བསྟན་པ་རིམ་བཞིན་དར་བའི་ལོ་རྒྱུས་འབོར་ཆེན་དང༌། བོན་གྱི་བཀའ་དང་བཀའ་བརྟེན་རྣམས་ཀྱི་དབུ་ལ་ཞང་ཞུང་གི་སྐད་ནི་ཆོས་པ་རྣམས་ལ་ སཾསྐྲྀཏ་ཡི་སྐད་དང༌། མ་ཤི་ཀ་པ་(Christian)རྣམས་ལ་ལེ་ཊིན་ནང་བཞིན་རེད།
དེང་དུས་ཀྱི་མཁས་པ་རྣམས་ཀྱིས་གནའ་བོའི་ཞང་ཞུང་གི་ཤེས་རིག་དང༌། རྒྱལ་རབས། ལོ་རྒྱུས། སྐད་ཡིག ཆོས་ལུགས་བཅས་ལ་ཆ་མི་བཞག་པར་འདུག གང་ཡིན་ཞེ་ན། བོད་རྣམས་ཀྱིས་བོན་ལུགས་ཀྱི་ལོ་རྒྱུས་ཁག་ལ་ཞིབ་བརྟག་ལེགས་པར་མ་མཛད་པ་དང༌། ཞང་ཞུང་གི་སྐད་ཡིག་ལ་དོ་སྣང་དང་མཁྱེན་རྟོགས་མ་མཛད་པའི་ཁྱད་པར་ཞིག་རེད།
སྔོན་སྟོན་པ་གཤེན་རབ་དང་ཁོང་གི་རྗེས་འཛིན་གྲུབ་ཐོབ་རྣམས་བཞུགས་པའི་སྐབས་ སུ་ཞང་ཞུང་གི་རྒྱལ་ཁབ་ཤིན་ཏུ་ཆེན་པོ་ཡོད་པ་དང༌། ཤེས་རིག་ཁག་དར་ཞིང་རྒྱས་པར་ཡོད་པའི་ལོ་རྒྱུས་བོན་གྱི་གསུང་རབ་ཁག་ནས་གསལ།
ཁྱད་པར་དུ་སྔར་ནས་དུས་དེང་སང་བར་ཞང་ཞུང་གི་སྐད་རྒྱུན་མ་ཆད་པར་ལབ་མཁན་ གྱི་མི་རིགས་མི་ཉུང་བ་ཞིག་རྒྱ་གར་གྱི་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ ལུང་པ་མང་པོ་ཡོད་པ་དང༌། བལ་པོའི་ནང་རྟ་མང་དང༌། ཐ་ཀཱ་ལིའི་མི་རིགས་བཅས་ཀྱིས་ཞང་ཞུང་གི་སྐད་བེད་སྤྱོད་བྱེད་བཞིན་འདུག
འདི་ནི་བདག་གིས་ལོ་ཁ་ཤས་ཤིག་གི་སྔོན་ནས་ཞང་ཞུང་དང་བོད་སྐད་ཀྱི་ཚིག་མཛོད་ ལ་བལྟ་རྟོགས་དང་ཞིབ་འཇུག་བྱས་པས། དེའི་བརྒྱུད་ད་ལྟ་བདག་གིས་རྒྱ་གར་ཧི་མཱ་ཅལ་གྱི་ཞིང་ཆེན་ན་ཡོད་པའི་མི་རིགས་ ཀིནྣར་རམ་ཁུ་ནུ་བ་དང༌། གར་ཞྭ་བ། ཀུལླུའི་ལུང་ཁུག་ན་མ་ལ་ནཱ་པ་རྣམས་ཞང་ཞུང་གི་སྐད་ལབ་མཁན་པར་ཆ་བཞག ད་དུང་ཡང་ཨུཏཏྲ་པྲ་དེ་ཤ་ཞིང་ཆེན་ནང་དུ་ནི་ཏི་(Niti)དང་ཀྱོ་ནམ་(Kinaur)གྱི་ ས་ཁུལ་དུ་ཞང་ཞུང་གི་སྐད་ལབ་མཁན་འདུག
བལ་ཡུལ་དུ་གནས་པའི་མི་རིགས་ཁག་མང་པོའི་ནང་ནས་རྟ་མང་(Tamang)དང༌། ཐ་ཀཱ་ལི་(Thakali)ཟེར་བ་ཚོས་ཞང་ཞུང་གི་སྐད་ལབ་ཀྱི་འདུག
ད་དུང་ཡང་རྒྱ་གར་དབུས་དང་ལྷོ་ཕྱོགས་སུ་གནས་པའི་གནའ་བོའི་མི་ རིགས་(Tribes)མང་པོ་ཡོད་པ་དེ་ལས་མི་རིགས་ཁག་གི་སྐད་ལ་ཞིབ་བརྟག་མཛད་ན་ཚིག་ མང་པོ་ཞིག་ཞང་ཞུང་གི་སྐད་དང་མཐུན་པར་འདུག
སྔོན་གྱི་ལོ་རྒྱུས་ཁག་རྒྱ་གར་གྱི་སྐད་དུ་ཡོད་པ་ལ་འཛིན་ན་ལོ་སྟོང་ཕྲག་མང་ པོའི་སྔོན་ན་གནས་མཁན་གྱི་ཧི་མཱ་ཅལ་གྱི་ཞིང་ཆེན་ནང་གི་མི་རིགས་ཚོ་ནི་ ཀིནྣར་(Kinnauri)དང༌། ཀི་རཱཏ།(Kirata) ཀཽ་ལཱ།(Kola) ཨུ་དུམབར།(Udumbara) ཁ་ས།(Khasa) དཱརྡ་(Dard)འམ་འབྲོག་པའི་མི་རིགས་ཁག་རེད།
དེ་ནི་རྒྱ་དཔེ་རཱ་མ་ཡ་ནཱ་(Ramayana)དང༌། མ་ཧཱ་བྷཱ་ར་ཏཱ།(Mahabharata) བི་མཱནབཏཐུ།(Vimanavathu)དང་གཞན་པ་ཎི་ཎིའི་དཔེ་ཆ་ཁག་ཏུ་བྲིས་ཡོད་པ་རེད།
འདི་ཡི་མི་རིགས་ཚོ་ནི་སྔར་ཞང་ཞུང་གི་རྒྱལ་ཁབ་ཆེན་པོའི་ནང་དུ་གནས་མཁན་ གྱི་མི་རིགས་རྣམས་ཡིན། དེའི་སྐབས་ཀྱི་མི་དམངས་ཚོས་རང་རང་གི་འཚོ་སྡོད་བྱེད་སྟངས་འབྲོག་པའི་ལུགས་ ཀྱི་འཚོ་བ་སྤྱོད་བཞིན་པ་རེད།
སེམས་ཅན་གཡག་དང༌། རྟ་དང༌། ར་ལུག་མང་པོ་ཁྱུ་འདེད་ནས་ས་ཆ་ཁ་ཁར་རྩྭ་རྙེད་པའི་རྗེས་སུ་འཕོས་བཞིན་འགྲོ་བ་ དང༌། ས་ལ་ཞིང་པའི་སོ་ནམ་གྱི་ལས་ལ་མི་འབད་པར་རྒྱུན་དུ་འབྲོག་པའི་ལུགས་སྲོལ་གྱི་ འཚོ་བ་སྤྱོད་མཁན་ཤ་སྟག་རེད།
བར་སྐབས་ཤིག་ཏུ་སར་དོང་བྲུས་ནས་གསེར་ཕྱེ་བཏོན་པ་དང༌། ཆུ་ཀླུང་གི་འགྲམ་ནས་བྱེ་མ་ཚགས་ཏེ་གསེར་ཕྱེ་འཚོལ་མཁན་ཡང་བྱུང་ཡོད་པ་རེད། དེའི་སྐབས་སུ་ཕོ་ཆས་སུ་གཟི་ལ་རྩིས་ཆེན་བྱས་འདུག མི་ཤི་ན་ཕུང་པོ་ས་དོང་ནང་དུ་བསྐུང་བའི་སྲོལ་དང༌། རྫ་མ་ཆེ་ཆུང་མང་པོའི་ཡོ་ཆས་འཚོལ་བསྡུ་བྱེད་པའི་སྲོལ་ཡོད་པར་འདུག་ལ། རི་དྭགས་ཀྱི་རྗེས་སུ་ཁྱི་ར་བརྒྱབ་ནས་སེམས་ཅན་གསོད་པ་ཡང་ཁོང་ཚོའི་འཚོ་བའི་ སྲོལ་ཁག་ཅིག་རེད།
ས་ཁམས་བརྟག་དཔྱད་(Archeological Finding)ཀྱི་ལམ་ནས་དེང་དུས་ཀྱི་དངོས་ཆས་རྙིང་པ་རྙེད་པ་ལ་བརྟག་ན། སྔར་ཞང་ཞུང་གི་རྒྱལ་ཁབ་ཀྱི་ས་ཁྲ་ནི་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡོད་པར་མངོན། ཤར་ཕྱོགས་ནས་ནུབ་ཕྱོགས་བར། གཙང་ནས་ཧིན་དྷུ་ཀུ་ཤཱ་(Hindu Kush)ཡི་རི་བརྒྱུད་ཀྱི་བར་གྱི་ས་ཆ་དང༌། བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་ས་ཆ་ལ་རི་བོ་ཀུན་ལུན་ཤན་(Kun Lun Shan)ནས་ཧི་མ་ལ་ཡའི་རི་ཕྲན་(Himalayan foot hills)ནམ་རྒྱ་གར་གྱི་རྒྱ་ཐང་ཆེན་པོ་འགོ་ཚུགས་སའི་ས་ཆ་བར་དང༌། ཡང་ན་དེང་སང་གི་ས་ཁྲ་ལ་ཆ་བཞག་ན། བལ་པོ་ནས་ཀ་ཤི་མིར་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་བཅས་དང༌། བོད་གཙང་དང་མངའ་རིས་ཀྱི་བྱང་ཐང༌། ལ་དྭགས། སྤུ་རིགས། སྦལ་ཏི་དང༌། གིལ་གི་ཏ་དང༌། ཧ་ཛ་རའི་ཡུལ་ལྗོངས་ཁག་བཅས་ཡོད་པ་རེད།
དེ་ལ་ཆུ་ཀླུང་ཆེན་པོ་རྟ་གཙང་པོ་དང༌། སེང་གེ་གཙང་པོ་དང༌། གང་གཱ་དང༌། བྱཱས་དང༌། ཅ་ན་བ་དང༌། ཤ་ཡོག་དང༌། གིལ་གི་ཏ་བཅས་ཀྱི་ཆུ་ཀླུང་རྣམས་ཞང་ཞུང་གི་ས་ནས་བབས་ཡོད་པ་རེད།
ཁྱད་པར་འཕགས་པའི་རི་བོ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཅན་གངས་དཀར་ཏི་སེ་ ནི་ཞང་ཞུང་ཡུལ་གྱི་ལྟེ་དབུས་སུ་བཞུགས་པ་འདི་ནི་སད་ཁྱད་ཅན་དུ་མའི་གནས་ཆེན་ ཡིན།
ཞང་ཞུང་གི་རྒྱལ་ཁབ་ལ་དབང་བསྒྱུར་བའི་རྒྱལ་པོ་ཆེ་ཕྲ་དུ་མ་བྱུང་ཞིང༌། དེའི་ནང་ནས་མི་དབང་ལིག་མིན་རྐྱ་ཡི་སྲིད་དབང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་ པོས་ཕྱི་ལོ་༦༤༣ལོ་ལ་འཕྲོག་ནས་མངའ་འོག་ཏུ་བཅུག རྒྱལ་པོ་འདི་ཡི་ཕྱག་ཐམ་ད་ལྟའི་བར་སྨན་རིའི་དགོན་དུ་བཞུགས་ཡོད།
ཁོང་གི་ཐེའུ་འདི་ལ་ཞང་ཞུང་གི་སྨར་ཆེན་དུ། ཁ་ཚན་པ་ཤང་ལིག་ཞི་ར་ཙ།ཞེས་བོད་སྐད་དུ། ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ། ཞེས་བཀོད་ཡོད་པ་རེད།
སྔར་རྒྱ་གར་དུ་ཨཱརྱཱའི་མི་རིགས་ཏ་ཟིག་དང་ཨི་རན་གྱི་ཕྱོགས་ནས་བྱོན། རྒྱ་གར་གྱི་གནའ་དུས་ཀྱི་གནས་ལུགས་དུ་མ་ཞིག་ཨཱརྱཱའི་ལུགས་ཀྱི་སྲོལ་ཚུགས། དེའི་སྐབས་སུ་ཞང་ཞུང་གི་ལྷོ་ཕྱོགས་སུ་ཡང་ཨཱརྱཱའི་སྲོལ་བཟུང་བའི་འགོ་ཚུགས། ཡུན་རིང་ཞིག་ནས་ཞང་ཞུང་ལྷོ་ཕྱོགས་སུ་ཞང་ཞུང་གི་གནས་ལུགས་དང་གཤིས་ལུགས་རྣམས་ ཨཱརྱཱའི་སྲོལ་གྱི་ཆུ་རྒྱུན་ལྟར་འདྲེས་ནས་རྩ་མེད་དུ་གྱུར།
རྗེས་སུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དམག་བརྒྱབ་པ་ལ་བརྟེན་ནས་བྱང་ ཕྱོགས་ཀྱི་ཞང་ཞུང་རྒྱལ་ཁབ་ཏུ་བོད་ཀྱི་སྲོལ་དར། ཞང་ཞུང་གི་སྐད་དང་ལུགས་སྲོལ་བཟང་པོ་རྣམས་དུས་དང་བསྟུན་བོད་ཀྱི་ལུགས་སྲོལ་ དུ་གྱུར། སངས་རྒྱས་པའི་ཆོས་ལུགས་ལ་བརྩི་མཐོང་ཆེན་པོ་བྱས་པའི་རྐྱེན་གྱིས་སྔོན་གྱི་ཞང་ ཞུང་གི་ཆོས་ལུགས་སམ་བོན་གྱི་བསྟན་པ་བརྩི་མེད་དུ་གྱུར། ཞང་ཞུང་གི་སྐད་ཡིག་དང་བསྟན་བཅོས་རྣམས་མི་དམངས་ཀྱིས་བརྗེད་དུ་བཅུགས། ལུགས་སྲོལ་གསར་པ་བོད་པའི་དམག་གི་སྒོ་ནས་སླེབས་པ་དེ་ལ་བརྩི་བ་ཆེན་པོ་བྱས།
དུས་རབས་བཅུ་པའི་ནང་བོད་སིལ་བུའི་སྐབས་སུ་རྒྱལ་པོ་གླང་དར་གྱི་ཚ་བོ་ སྐྱིད་ལྡེ་ཉི་མ་མགོན་གྱིས་ཞང་ཞུང་མངའ་རིས་ལ་དབང་བསྒྱུར་བྱས། ཁོང་གི་ཚེ་སྨད་ལ་རང་གི་རྒྱལ་སྲས་གསུམ་གྱིས་ས་བགོས་ནས། ཆེ་བ་རིགས་པའི་མགོན་གྱིས་མར་ཡུལ་དང་ལ་དྭགས། བར་པ་བཀྲ་ཤིས་མགོན་གྱིས་སྤུ་ཧྲེང༌། ཆུང་བ་བདེ་གཙུག་མགོན་གྱིས་ཞང་ཞུང་ལ་དབང་བྱས། སངས་རྒྱས་པའི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཞང་ཞུང་གི་རྒྱལ་པོ་རྣམས་ཀྱིས་ཞབས་ ཏོག་མང་པོ་ཕུལ། དེའི་སྐབས་སུ་ཞང་ཞུང་སྐད་གྲགས་ཆེན་པོའི་གནས་སུ་གྱུར།
ཀ་ཤི་མིར་གྱི་ལོ་རྒྱུས་རཱཛ་ཏྲངྒ་ནི་ཞེས་བྱ་བར་ཞང་ཞུང་གི་མིང་གུ་གེ་རུ་ འཆད་འདུག གུ་གེ་ནི་ཞང་ཞུང་གི་ལྟེ་བ་ཡིན་པ་དང༌། དེའི་ལྷ་ཆེན་མོ་ནི་ཧི་མཱ་ཅལ་དང༌། རྒྱ་གར་ར་ཇི་སི་ཐན་གྱི་མི་དམངས་རྣམས་ཀྱིས་བསྟེན་པའི་ལྷ་རུ་གྱུར། ལྷ་འདི་ལ་རྒྱ་གར་པས་གུ་གེ་དེའུའམ་གུ་གེ་སིར་ཞེས་མཚན་བཏགས་པ་རེད། ཡང་དེང་སྐབས་སུ་གུ་གེ་ནས་དམག་དཔོན་ཞིག་བྷོཊ་བྷཱན་བྱ་བས་ཀང་ག་ར་ཡི་ལྗོངས་ལ་ དབང་བསྒྱུར་བའི་ལོ་རྒྱུས་རྒྱ་དཔེ་པྲི་ཐི་བི་རཱ་ཇི་ར་སོ་སོར་བཤད་ཡོད་པ་རེད།། །།
༼ བོན་སྒོ་ ༽ཨང་དྲུག་པ་ལས་བཤུས་པའོ།